མིག་སྔར། དཔྱིད་ཀའི་རྨོ་འདེབས་གྲ་སྒྲིག་བྱེད་པའི་འགག་རྩའི་དུས་སྐབས་སུ་སླེབས་ཡོད་པས། དཔྱིད་དུས་སུ་ཞིང་ལ་ཆུ་གཏོང་བ་དེ་ནི་སྟོན་དུས་སུ་ཞིང་ལ་ལོ་ལེགས་འབྱུང་བར་ཕན་པ་ཆེན་པོ་ཡོད་པའི་ལས་དོན་གལ་འགངས་ཆེན་པོ་ཞིག་རེད། ཐུན་ཏེ་རྫོང་འབའ་ལུང་ཞང་སུམ་མདོ་སྡེ་བའི་ཞིང་ཁ་རུ་སོ་ནམ་གྱི་ལས་ལ་བྲེལ་བའི་ཞིང་པ་མང་པོའི་རྒྱབ་གཟུགས་མཐོང་ཡོང་ཞིང་། ཁོ་ཚོས་དཔྱིད་ཀའི་རྨོ་འདེབས་ཀྱི་དུས་ཚོད་དམ་འཛིན་བྱས་ཏེ་ཞིང་ལ་ཆུ་གཏོང་བཞིན་ཡོད་ལ། དེ་ནི་ད་ལོའི་ལོ་ལེགས་ལ་རྨང་གཞི་འདིང་བའི་སྔོན་འགྲོའི་ལས་ཀ་ཆེན་པོ་ཞིག་རེད།
སུམ་མདོ་སྡེ་བར་བསྐྱོད་པ་ན། འཕྲེད་དུ་བསྟར་བའི་ཞིང་ཁ་རུ་ཞིང་པ་ཚོས་རེ་བ་དང་སྨོན་འདུན་བསྣམས་ནས་དཔྱིད་ཀའི་རྨོ་འདེབས་ལ་གྲ་སྒྲིག་བྱེད་བཞིན་པའི་རྣམ་པ་མཐོང་ཞིང་། ལ་ལས་ཆུ་རྐ་གཙང་བཟོ་བྱེད་པ་དང་ལ་ལས་ཆུ་གཏོང་བ། ལ་ལས་ས་ཞིང་སྙོམས་པ་སོགས་ཀྱི་ལས་ལ་བྲེལ་བཞིན་ཡོད་ཅིང་། དེ་ནི་ངལ་ཚེགས་ཅུང་ཆེ་བའི་ལས་ཀ་ཞིག་ཡིན་ནའང་ཁོ་ཚོའི་གདོང་ལ་དགའ་སྤྲོའི་འཛུམ་གྱིས་ཁེངས་ཡོད།
ཉེ་བའི་ལོ་འགའི་རིང་། ཐུན་ཏེ་རྫོང་གིས་ཞིང་སའི་ཆུ་བེད་འཛུགས་སྐྲུན་ལ་ཚད་མཐོའི་མཐོང་ཆེན་བྱས་ཤིང་། མ་དངུལ་གཏོང་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ་ཆུ་བེད་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དུ་བཏང་ཡོད། སུམ་མདོ་སྡེ་བར་ཆུ་རྐ་དང་ཆུ་མཛོད་སོགས་ཆུ་བེད་སྒྲིག་བཀོད་ཁག་གཅིག་གསར་སྐྲུན་དང་བསྒྱུར་བཀོད་བྱས་ཡོད་པ་མ་ཟད། ཞིང་སར་ཆུ་གཏོང་བའི་དཀའ་གནད་ཐག་གཅོད་ནུས་ལྡན་བྱས་ཏེ། ཞིང་ལས་ཀྱི་ཐོན་འབྲས་འཕར་བ་དང་ཞིང་པའི་ཡོང་སྒོ་འཕར་བར་འགན་སྲུང་ནུས་ལྡན་འདོན་སྤྲོད་བྱས་ཡོད།
དཔྱིད་དུས་སུ་ཞིང་ལ་ཆུ་གཏོང་བའི་ལས་ཀ་བདེ་བླག་ངང་སྤེལ་བ་དེས་སུམ་མདོ་སྡེ་བའི་ཞིང་ལས་ཐོན་སྐྱེད་ལ་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད། ཉེ་བའི་ལོ་འགའི་རིང་སུམ་མདོ་སྡེ་བས་རང་བྱུང་ཐོན་ཁུངས་ཀྱི་ཐུན་མོང་མ་ཡིན་པའི་ལེགས་ཆར་བརྟེན་ནས། འབྲུ་རིགས་འདེབས་འཛུགས་དང་ནོར་ལུག་གསོ་སྤེལ་སོགས་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ། དམིགས་བསལ་གྱི་ཁྱད་ཆོས་ལྡན་པའི་གྲོང་གསེབ་དར་སྤེལ་གྱི་བགྲོད་ལམ་ཞིག་བསྐྲུན་ཡོད་ཅིང་། ཏང་གི་དམངས་ཕྱུག་སྲིད་ཇུས་ཀྱི་ཁྲིད་སྟོན་འོག སུམ་མདོ་སྡེ་བས་ཞིང་ལས་སྔར་ལས་དར་རྒྱས་དང་འཚོ་བ་སྔར་ལས་ཕྱུག་འགྱུར། གྲོང་གསེབ་སྔར་ལས་དར་སྤེལ་ཐུབ་པར་ཡིད་ཆེས་ཀྱིས་ཁེངས་འདུག