མར་སྟེང་ཆུ་གློག་ས་ཚིགས་ནི་རྨ་ཆུའི་སྟོད་རྒྱུད་ཀྱི་འཛུགས་སྐྲུན་བྱེད་བཞིན་པའི་ས་བབ་མཐོ་ཤོས་དང་གློག་འདོན་ཚད་ཆེ་ཤོས་ཀྱི་ཆུ་གློག་ས་ཚིགས་ཤིག་ཡིན་པས།“ཆུ་གློག་གི་རྒྱལ་བོ”ཞེས་འབོད། 2025ལོའི་ལོ་གསར་ནི་མར་སྟེང་ཆུ་གློག་ས་ཚིགས་ལ་མཚོན་ན་དོན་སྙིང་མི་དམན་པ་ལྡན་པའི་ལོ་ཞིག་ཡིན་ཏེ། ཆུ་གློག་ས་ཚིགས་འདི་ཉིད་བཙུགས་རྗེས་ཀྱི་ལོ་གསར་དང་པོ་རེད།
ཉེ་སྔོན། དགའ་སྤྲོ་དང་བཅས་ཏེ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་ནས་རླངས་འཁོར་ལ་བསྡད་དེ་དུས་ཚོད་གཉིས་ཙམ་སོང་ཞིང་། མཚོ་འཕགས་སྨི4300ཅན་གྱི་ས་ནག་རི་བོའི་ཉག་གའི་ཕ་རོལ་གྱི་རྭ་རྒྱ་གྲོང་རྡལ་གྱི་རྨ་ཆུའི་ཁུགས་སོ་བརྒྱུད་དེ། རྫདམར་གྱིས་གྲུབ་པའི་མར་སྟེང་རི་ཚོགས་ཀྱི་མགོར་བུད་དེ་མར་བལྟས་པ་ན། རྨ་ཆུ་སྔོན་མོ་རི་བོའི་དབྱིབས་དང་བསྡོངས་ནས་ཀྱག་ཀྱོག་གིས་བཞུར་བ་དེས། རྔམ་བརྗིད་ལྡན་པའི་རང་བྱུང་གི་མཛེས་རིས་ཤིག་བྲིས་འདུག་པ་མཐོང་།
རྒྱུན་ལྡན་མིན་པའི་གནས་ཚུལ་ཕྲན་ཙམ་ཚོར་ཡང་། ལས་རེས་པས་དེའི་རྒྱུ་མཚན་ཁུངས་འདེད་བྱས་ཏེ། ཆུ་གློག་ས་ཚིགས་ཀྱི་འཁོར་སྐྱོད་བདེ་འཇགས་ཁག་ཐེག་བྱེད།
མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་རྭ་རྒྱ་གྲོང་རྡལ་གྱི་མར་སྟེང་ཆུ་གློག་ས་ཚིགས་ནས་བལྟས་ན། “མཚོ་སྔོན་གྱི་གློག་ཧོ་ནན་དུ་སྐྱེལ་བ”དང“ནུབ་གློག་ཤར་དུ་སྐྱེལ་བའི”གློག་ཁུངས་ས་ཚིགས་གཙོ་བོ་དང་། ལེ་བར་སྟོང་ཕྲག་གིས་ཆོད་པའི་ཀྲུང་ཡོན་ས་ཁུལ་དང་ཤར་རྒྱུད་རྒྱ་མཚོའི་འགྲམ་རྒྱུད་ཀྱི་དར་རྒྱས་ཆེ་བའི་གྲོང་ཁྱེར་དག་གི་བར་དུ་གློག་འདྲེན་འཆར་ཤེལ་ཞིག་ལས་མེད་པ་འདྲ། ནུས་ཁུངས་གྲོན་ཆུང་དང་བཙོག་འབུད་ཉུང་གཏོང་དང་སྤུས་ཚད་མཐོ་བའི་སྐྱེ་ཁམས་སྲུང་སྐྱོང་བཅས་ཀྱི་ངོས་ནས་བལྟས་ན། ཆུ་གློག་ས་ཚིགས་ཀྱིས་རྨ་ཆུའི་ཆུ་ལ་བརྟེན་ནས་ལོ་རེར་ཆ་སྙོམས་ཀྱིས་གློག་སྟོང་ཝ་དུང་ཕྱུར73ལྷག་འདོན་གྱིན་ཡོད་པས། ལོ་རེའི་གློག་འདོན་ཚད་སྟོང་ཝ4000ཅན་གྱི་ཁྱིམ་ཚང180ཡི་གློག་གི་དགོས་མཁོ་སྐོང་ཐུབ་པ་རེད། ལོ་རེར། ཚད་ལྡན་གྱི་རྡོ་སོལ་ཏུན་ཁྲི220ཙམ་གྲོན་ཆུང་བྱེད་ཐུབ་པ་དང་དབྱང་གཉིས་ཐཱན་འགྱུར་འབུད་ཚད་ཏུན་ཁྲི816ཇེ་ཉུང་དུ་གཏོང་ཐུབ། མིག་རྒྱང་རིང་པོའི་འཆར་འགོད་ལ་བརྟེན་ནས་སྲུང་སྐྱོང་དང་འཕེལ་རྒྱས་ཀྱི་གོམ་སྟབས་དེ་ལོ་ངོ་བརྒྱའི་རིང་རྒྱུན་མཐུད་ཐུབ་པའི་མཚར་སྡུག་གི་ལམ་དུ་བསྐྱོད།
ཨར་འདམ་སྨི་གྲུ་བཞི་ལྷམ་པ་ཁྲི20ལྷག་དང་རྣོ་ལྕགས་ཏུན8700ཡིས་གྲུབ་པའི་རགས་ཆེན་ཐོག་ཏུ་ལངས་པ་ན། ཐོག་བརྩེགས20ལྷག་གི་མཐོ་ཚད་ཀྱི་ཆུ་སྒོ5ལས་ཐོན་པའི་ཆུ་ཆེན་དང་། དེ་ལས་བྱུང་བའི་ཆུའི་ཟེགས་མ་དག་རི་བོའི་ངོས་གཉིས་སུ་ཆགས་པས་བརྗིད་ཉམས་ལྡན་པའི་མཛེས་ལྗོངས་ཤིག་གྲུབ་ཡོད། “ཆུ་གློག་ས་ཚིགས་ཀྱིས་ཚོད་འཛིན་བྱས་པའི་འབབ་རྒྱུད་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ་ཁྲི9.8ལྷག་ལ་བུད་པ་དང་། ལོ་མང་རིང་ཆ་སྙོམས་རྒྱུག་ཚད་སྐར་ཆ་རེར་སྨི་གྲུ་བཞི་ལྷམ་པ533ལ་སླེབས་ཡོད།” ལོ་གསར་གྱི་སྐབས་སུ་སྔར་བཞིན་ལས་གནས་བརྟན་སྲུང་དང་བདེ་འཇགས་ཐོན་སྐྱེད་ལ་འགན་འཁུར་བའི་མར་སྟེང་ཆུ་གློག་ས་ཚིགས་ཐོན་སྐྱེད་ལག་རྩལ་པུའུ་ཡི་ཀྲུའུ་རེན་གཞོན་པ་ཚའོ་ཚན་གྱིས་གསར་འགོད་པར་མཚམས་སྦྱོར་བྱས་དོན། ཆུ་གློག་ས་ཚིགས་ཆུ་མཛོད་ཀྱི་རྒྱུན་ལྡན་ཆུ་གནས་མཐོ་ཚད་སྨི3200ལྷག་ལ་སླེབས་པ་དང་། སྤྱིའི་ཆུ་མཛོད་ཀྱི་ཤོང་ཚད་ལ་སྨི་གྲུ་བཞི་ལྷམ་པ་དུང་ཕྱུར16ལྷག་ཡོད་ལ། དུས་ཚིགས་ལྟར་སྙོམ་སྒྲིག་བྱས་ཡོད་པས་རྨ་ཆུའི་སྟོད་རྒྱུད་ཉིང་མུའུ་ཐེ་སྐས་རིམ་བེད་སྤྱོད་མ་བྱས་གོང་གི་ལྷོ་ཆུ་བྱང་འདྲེན་གྱི་དུས་དང་པོའི་བཟོ་འགོད་ལ་མཁོ་བའི་སྨི་གྲུ་བཞི་ལྷམ་པ་དུང་ཕྱུར6.67གྱི་དགོས་མཁོ་སྐོང་ཐུབ།
གློག་འདོན་འཕྲུལ་ཚན་གྱི་འཁྱག་ཆས་ནི་གློག་འདོན་འཕྲུལ་ཆས་འཁོར་སྐྱོད་བྱེད་པར་འབྲེལ་བ་དམ་པོ་ཡོད་པས། ལས་རེས་པས་དུས་ཐོག་ཏུ་དཔྱད་ཆས་ངོས་སུ་འཆར་བའི་གཞི་གྲངས་ཀྱི་འགྱུར་ལྡོག་ལ་མཉམ་འཇོག་དགོས་པ་ཡིན།
ཆུ་གློག་ས་ཚིགས་ཀྱི་རགས་ཆེན་དང་ཁ་བྲལ་རྗེས་རླངས་འཁོར་ཕུག་ལམ་དུ་བསྐྱོད་པ་དང་། ཕུག་ལམ་གཙོ་བོ་ནི་གློག་འདོན་ས་ཚིགས་ཀྱི་བཟོ་གྲྭའི་ཁུལ་གཙོ་བོ་དང་འབྲེལ་འདུག བྲག་རྡོའི་ས་གཤིས་སྟེང་ནས་ཐོག་བརྩེགས་གསུམ་ཙམ་བསྔོག་ཐུབ་པ་དང་འཕྲུལ་ཆས་ཆེ་གྲས་ཕྱོགས་གཉིས་སུ་བསྐྱོད་ནའང་བདེ་འཇགས་དང་བརྟན་པོ་ཡིན་པའི་ཕུག་ལམ་འདི་ལ་གསར་འགོད་པ་ཧང་སངས་ནས་སྡོད་པའི་སྐབས་སུ། ཚའོ་ཚན་གྱིས་ཕུག་ལམ་གཙོ་བོ་ནི་ཆུ་གློག་ས་ཚིགས་ཀྱི་ས་འོག་བཟོ་འགོད་འདིའི་ཆ་ཤས་ཆུང་ཆུང་ཞིག་རེད་ཅེས་བཤད། མར་སྟེང་རགས་ཆེན་གྱི་རི་བོའི་འོག་ཏུ་བྲག་ཁུང48སྣོལ་མར་གནས་ཡོད་པས་མི་རྣམས་མགོ་འཐོམ་པར་བྱེད་ངེས། བྲག་ཁུང་དང་ཕུག་ལམ་དེ་དག་རྐོ་བའི་སྐབས་སུ། ཉིན་གཅིག་ལ་འབར་གཏོར་ཐེངས28བྱེད་པའི་དུས་ཀྱང་ཡོད། འབར་གཏོར་ཐེངས་རེའི་སྔོན་དུ་ལག་རྩལ་པས་ཁུང་བུའི་ཚངས་ཐིག་དང་ཁུང་བུའི་བར་ཐག ཁུང་བུའི་ཟབ་ཚད་སོགས་ཀྱི་དཔྱད་གྲངས་ལ་ཡང་དང་བསྐྱར་དུ་རྩིས་ཞིབ་མོ་བརྒྱབ་སྟེ་གནད་ལ་འཁེལ་བར་བྱས་པས། “བདེ་འཇགས་དོན་རྐྱེན་ཐེངས་གཅིག་ལའང་མ་བྱུང་བའི”གྲུབ་འབྲས་གཟེངས་སུ་ཐོན་པ་བླངས་ཡོད།
2021ལོའི་ཟླ6པར་རྒྱལ་ཁབ་ནུས་ཁུངས་ཚོགས་པས་མར་སྟེང་ཆུ་གློག་ས་ཚིགས་བསྐྱར་སྒྲིག་བྱས་པ་ནས2024ལོའི་ཟླ4པར་འཕྲུལ་ཚན་ཐོག་མས་ཐོན་སྐྱེད་བྱེད་འགོ་ཚུགས་ནས་གློག་འདོན་པའི་བར་དུ་བསྐྱར་སྐྱེས་ནུས་ཁུངས་གློག་འདོན་ས་ཚིགས་ཆེ་གྲས་འདི་འཛུགས་སྐྲུན་བྱེད་པར་ཟླ་བ34ལས་འགོར་མེད། “འདི་ནི་ཀྲུང་གོའི་ཆུ་གློག་ལོ་རྒྱུས་ཐོག་བྱུང་མ་མྱོང་བ་ཞིག་རེད”ཅེས་ཚའོ་ཚན་གྱིས་སྤོབས་པ་ཆེན་པོས་བཤད། མར་སྟེང་ཆུ་གློག་ས་ཚིགས་འཛུགས་སྐྲུན་བྱེད་པའི་བརྒྱུད་རིམ་ཁྲོད“རྒྱལ་ནང་དུ་ཐེངས་དང་པོ་ཡིན་པ”ཡི་གསར་གཏོད་མང་པོ་མངོན་འགྱུར་བྱུང་ཡོད།
ཆུ་གློག་ས་ཚིགས་ཀྱི་ས་འོག་བཟོ་ཁང་གཙོ་བོའི་ནང་དུ་སོང་བ་ན། མཐོ་ཚད་ལ་སྨི70ཡོད་པ་དང་དེའི་ནང་དུ་པོ་དབྱིན737ཅན་གྱི་མགྲོན་སྐྱེལ་གནམ་གྲུ21ཤོང་བས། ལྗོངས་བགྲོད་རླངས་འཁོར་ནི་ཤིན་ཏུ་ཆུང་བའི་སྣང་བ་སྟེར། སྒྲིག་ཆས་བདེ་འཇགས་ཞིབ་བཤེར་བཟོ་བཅོས་པ་ཝང་ཞའོ་ཆིང་གིས་གློག་འདོན་འཕྲུལ་ཆས་དང་གློག་གནོན་སྒྱུར་ཆས5ཡི་བར་དུ་ནན་ཏན་གྱིས་སྐོར་ཞིབ་བྱེད་ཀྱིན་པའི་རྣམ་པ་དེ་ནི་གྲོག་མ་རྡོ་གསེང་དུ་ཕར་འགྲོ་ཚུར་འོང་བྱེད་བཞིན་པ་དང་འདྲ། “ཉིན་རྒྱུན་སྒྲིག་ཆས་རེ་རེར་སྐོར་ཞིབ་བྱེད་དགོས”པའི་ལོ་གསར་གྱི་སྐབས་སུ། ཝང་ཞའོ་ཆིང་གིས་གཙོ་བོ་བཟོ་གྲྭའི་སྒྲིག་ཆས་ཚང་མའི་སྲུང་སྐྱོང་ལ་འགན་འཁུར་གྱིན་ཡོད། དོ་ཁུར་བླ་ལྷག་བྱེད་དགོས་སའི་འཕྲུལ་ཚན2པའི་མདུན་དུ། མོས་གཅིག་ནས་སྒྲིག་ཆས་ལ་རྒྱུན་ལྡན་མིན་པའི་སྒྲ་ཡོད་མེད་དང་། གཉིས་ནས་འགྱིག་གི་འཚིག་དྲི་བྲོ་མིན། གསུམ་ནས་སྒྲིག་ཆས་ཀྱི་གཞི་གྲངས་རྒྱུན་ལྡན་ཡིན་མིན་བཅས་ལ་བལྟ་དགོས། ཕུན་སུམ་ཚོགས་པའི་ཉམས་མྱོང་དང་ཚད་མཐོའི་འགན་འཁྲིའི་འདུ་ཤེས་ལ་བརྟེན་ནས་སྒྲིག་ཆས་བདེ་འཇགས་ངང་འཁོར་སྐྱོད་བྱེད་པར་སྲུང་སྐྱོབ་བྱེད་བཞིན་ཡོད། “འཕྲུལ་ཚན2པ་ནི་གློག་འདོན་འཕྲུལ་ཚན་ལྔའི་ནང་གི་གློག་འདོན་འཕྲུལ་ཚན་མཐའ་མ་དེ་ཡིན།” མར་སྟེང་ཆུ་གློག་ས་ཚིགས་ཀྱི་སྒྲིག་ཆས་སྲུང་སྐྱོང་པུའུ་ཡི་ཀྲུའུ་རེན་གཞོན་པ་ཝང་ཡུས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། འཕྲུལ་ཚན2པ་དེ2024ལོའི་ཟླ12པའི་ཚེས31ཉིན་འཕྲུལ་སྒོ་ཕྱེས་པ་དང་ཚོད་ལྟའི་འཁོར་སྐྱོད་ཀྱི་དུས་ཚོད72ཀྱི་ནང་དུ་གནད་དོན་གང་ཡང་མ་བྱུང་བར་ཐད་ཀར་ཞིབ་བཤེར་རྩིས་ལེན་ཐོབ་པ་རེད། ཆུ་གློག་ས་ཚིགས་དེ་ལོ་དེའི་ཟླ4པའི་ཚེས1ཉིན་འཕྲུལ་ཚན་ཐོག་མས་གློག་བཏང་བ་ནས་འཕྲུལ་ཚན་མཐའ་མ་དེ་འཁོར་སྐྱོད་བྱེད་འགོ་ཚུགས་པའི་བར་དུ། འཕྲུལ་ཚན5པོས་ཟླ8ཙམ་གྱི་ནང་དུ་དངོས་སུ་ཁྱོན་ཡོངས་ནས་ཐོན་སྐྱེད་བྱེད་འགོ་ཚུགས་པས“ལོ་གཅིག་ལ་འཕྲུལ་ཚན5འཁོར་སྐྱོད་བྱེད་པ”ཡི་དམིགས་ཚད་མངོན་འགྱུར་བྱུང་།
ཆུ་གློག་ས་ཚིགས་འཛུགས་སྐྲུན་བྱེད་མཁན་ཡིན་པའི་ཝང་ཡུས་ལ་དེ་བས་ཀྱང་སྤོབས་པ་བསྐྱེད་པར་བྱེད་པ་ནི། གློག་འདོན་འཕྲུལ་ཚན5ཡི་ཕྱི་ཤུན་ཉིན40ཡི་སྔོན་ལ་སྒྲིག་སྦྱོར་ལེགས་གྲུབ་བྱུང་བ་དང་། QC(སྤུས་ཚད་དང་སྤུས་ཀ་འཛུགས་སྐྲུན)གྲུབ་འབྲས་ལ་ཀྲུང་གོའི་གློག་ཤུགས་འཛུགས་སྐྲུན་ཁེ་ལས་མཐུན་ཚོགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ་པ་དང་། གནད་ཁེལ་གྱི་གནས་ངེས་ལག་རྩལ་སྤྱད་དེ་འཁོར་ཆས་ཀྱི་དཔྱངས་དབྱིབས་སྒྲིག་སྦྱོར་འགན་ལེན་བྱས་ཏེ་རྒྱལ་ཁབ་ཀྱི་དངོས་སྤྱོད་དཔེ་གསར་གྱི་ཆེད་ཁེ་ཐོབ། རིག་ནུས་ཅན་གྱི་སྦུག་ལམ་སྔོན་བཟོའི་ལག་རྩལ་དེ་ཐེངས་གཅིག་གིས་ལེགས་འགྲུབ་བྱུང་བ་དང་། གློག་འདོན་འཕྲུལ་ཚན་ཁག་གི་འདར་གཡོ་ཚང་མ་ཧའོ་སྨི0.1ཡི་ནང་ཡིན་པ་དང་། ཆུ་འདྲེན་འཁོར་རྟེན་གྱི་གཡོ་ཚད་ནི་སྐྲ་ཉག་གི་གསུམ་ཆའི་གཅིག་ལས་མེད་པས། ལས་རིགས་ནང་ཁུལ་གྱི་སྤུས་ལེགས་འཕྲུལ་ཚན་དུ་གྱུར་ཡོད།
མར་སྟེང་ཆུ་གློག་ས་ཚིགས་ཀྱིས“མཐའ་གྱང་བཙིར་བའི་འཛུགས་སྐྲུན་མྱུར་ཚད་དེ་གོ་ལ་ཧྲིལ་པོའི་རིགས་གཅིག་མཚུངས་ཀྱི་བཟོ་འགོད་ཀྱི་སྔོན་ཐོན་ཆུ་ཚད་དུ་སླེབས་པ”དང“བྲག་ངོས་སུ་ཨར་འདམ་ལྡུག་པའི་སྤུས་ཚད་རྒྱལ་ནང་གི་ཆུ་ཚད་རྩེ་གྲ་རུ་སླེབས་པ”“འཕྲུལ་ཚན5པའི་མཇུག་ཆུའི་སྦུ་གུ་སྒྲིག་སྦྱོར་བྱས་ནས་ས་བབ་མཐོ་ཤོས་ཀྱི་ལས་ཡུན་གྱི་ཟིན་ཐོ་གསར་པ་བཏོད་པ”“རྒྱལ་ནང་དུ་འཛུགས་སྐྲུན་བྱེད་བཞིན་པའི་ས་བབ་མཐོ་ཤོས་དང་གཞི་ཁྱོན་ཆེ་ཤོས་ཀྱི་ས་འོག་བཟོ་གྲྭ་སྔོག་འདོན་ཉིན56སྔོན་ལ་ལེགས་གྲུབ་བྱུང་བ”སོགས་ཕུལ་དུ་བྱུང་བའི་གྲུབ་འབྲས་མང་པོ་བླངས་ཡོད།
2024ལོའི་ཟླ4པ་ནས2025ལོའི་ཟླ1པའི་བར་མར་སྟེང་ཆུ་གློག་ས་ཚིགས་ཀྱིས་གློག་སྟོང་ཝ་དུང་ཕྱུར30ཙམ་བཏོན།“འདི་འགོ་བརྩམས་པ་ཙམ་རེད”ཅེས་སྤྱི་གཉེར་བ་གཞོན་པ་ལི་ཧུང་ཞིན་གྱིས་གསར་འགོད་པར་བཤད། མ་འོངས་པར་མར་སྟེང་ཆུ་གློག་ས་ཚིགས་ཀྱིས་ནུས་རྒྱུ་གསར་པའི་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ་དང་། ཆུ་ནུས་དང་རླུང་ནུས། འོད་ནུས་བཅས་མཉམ་འདྲེས་བྱས་ཏེ། མར་སྟེང“ཆུ་རླུང་འོད་ནུས་བཅས་གསོག་པའི”སྟོང་ཝ་ཁྲི་སྟོང་རིམ་པའི་ནུས་ཁུངས་གཙང་མ་གཞི་གཅིག་ཅན་གྱི་རྟེན་གཞི་བསྐྲུན་རྒྱུ་དང་། སྐབས་དེར་བསྐྱར་སྐྱེས་ནུས་རྒྱུ་སྣ་ཚོགས་བཀོད་སྒྲིག་བྱེད་ཐུབ་པའི་བསྡོམས་འབོར་སྟོང་ཝ་ཁྲི3100ལྷག་ལ་སླེབས་ངེས། སྔོན་དཔག་བྱས་ན་ལོ་ལྔའི་འཆར་གཞི་བཅོ་ལྔ་པ་མཇུག་སྒྲིལ་སྐབས། ཆུ་གློག་ས་ཚིགས་ཀྱི་ལས་གཞི་ཚང་མ་གྲུབ་སྟེ་གློག་འདོན་རྒྱུ་ཡིན་པ་དང་། སྐབས་དེར་ལོ་རེའི་གློག་འདོན་ཚད་སྟོང་ཝ་དུང་ཕྱུར480ལ་སླེབས་ངེས་པ་དང་། ལོ་རེར་ཚད་ལྡན་རྡོ་སོལ་ཏུན་ཁྲི1500ཙམ་གྲོན་ཆུང་བྱེད་ཐུབ་པ་དང་དབྱང་གཉིས་ཐཱན་འགྱུར་འབུད་ཚད་ཏུན་ཁྲི4100ཙམ་ཉུང་དུ་གཏོང་ཐུབ། “ཆ་ཚང་པའི”མར་སྟེང་ཆུ་གློག་ས་ཚིགས་ཀྱིས་མཚོ་སྔོན་ཞིང་ཆེན་དུ་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་ཐོན་ལས་ཀྱི་མཐོ་ས་བསྐྲུན་རྒྱུ་དང་། རྒྱལ་ཁབ་ཀྱི་ལྗང་མདོག་ཐཱན་ཉུང་བདེ་འཇགས་ནུས་མཐོ་ནུས་ཁུངས་མ་ལག་འཛུགས་སྐྲུན་བྱེད་པའི་ཁྲོད་ནུས་པ་གལ་ཆེན་འདོན་རྒྱུ་རེད། །