ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་ཞིང་ལས་འབྲོག་ལས་འཕེལ་རྒྱས་ཀྱི་སྟོབས་ཤུགས་མངོན་པར་བྱེད་པ། མ་ལག་རང་བཞིན་གྱིས་ཞིང་སྡེའི་ནང་གནས་སྒུལ་ཤུགས་ལ་སྐུལ་འདེད་བཏང་སྟེ། ཕྱོགས་མང་པོ་ནས་རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོ་འཕར་སྣོན་བྱ་ཆེད། ཉེ་སྔོན། ཐུན་ཏེ་རྫོང་སྲིད་གྲོས་གཞུང་སྒྲུབ་ཁང་ཏང་ཀྲི་པུའུ་ཀླུ་ལུང་སྡེ་བར་སོང་ནས་སྲིད་ཇུས་ཀྱིས་མང་ཚོགས་ལ་བདེ་སྐྱིད་བསྐྲུན་ཞེས་པའི་ཏང་གི་ཉིན་མོའི་བརྗོད་དོན་བྱ་འགུལ་སྤེལ་བ་མ་ཟད། དུས་མཉམ་དུ་དྲིལ་སྒྲོག་གཅིག་དང་སྐུལ་སྤེལ་གསུམ། མཉམ་འབྲེལ་གཅིག་དང་རོགས་རམ་གཉིས་ཀྱི་ལས་དོན་ལ་སྐུལ་འདེད་བཏང་།
བྱ་འགུལ་ཡུལ་དངོས་སུ། བློ་མཐུན་བཀྲ་ཤིས་རྒྱལ་གྱིས་གོ་བདེ་བའི་སྐད་རིགས་ཀྱི་ལམ་ནས་མང་ཚོགས་དང་ཉེ་བར་བཅར་ཞིང་། ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་ནང་དོན་གཙོ་བོ་དང་ཞིབ་ཕྲའི་བྱེད་ཐབས་གསལ་འགྲེལ་གཏིང་ཟབ་བྱས་ནས་རོང་འབྲོག་ཁུལ་འཕེལ་རྒྱས་ཀྱི་དོན་དངོས་ལ་གཞི་བཙུགས་ཏེ། རྫོང་ཡོངས་ཀྱི་སྐྱེ་ཁམས་རོང་འབྲོག་ཁུལ་འཕེལ་རྒྱས་དང་ཁྱད་ཆོས་ལྡན་པའི་ཞིང་ལས་དང་ཟུང་འབྲེལ་བྱས་ནས་ཕྱུགས་རིགས་ཐོན་རྫས་ཀྱི་སྤུས་རྟགས་གཏོད་རྒྱུ་དང་། རོང་འབྲོག་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་བྱེད་པ་སོགས་ཐད་ཀྱི་ལེགས་འགྲུབ་བྱུང་བའི་ཉམས་མྱོང་དང་ལག་ལེན་གྱི་དཔེར་མཚོན་མང་པོ་མཉམ་སྤྱོད་བྱས་པ་མ་ཟད། དམིགས་གཏད་རང་བཞིན་ལྡན་པའི་བསམ་ཚུལ་གྲོས་གཞི་བཏོན།
བྱ་འགུལ་ཁྲོད་རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་དང་སྨན་བཅོས་འགན་སྲུང་ཅུས། རྫོང་ཞིང་ཕྱུགས་ཆུ་བེད་དང་ཚན་རྩལ་ཅུས་སོགས་ཀྱི་ལས་སྒྲུབ་མི་སྣ་གདན་ཞུ་བྱས་ནས་སྨན་བཅོས་སྲིད་ཇུས་སྒྲོག་བཤད་བྱས། སྒྲོག་བཤད་ཚོགས་པས་རོང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། རོང་འབྲོག་ཁུལ་གྱི་སྤྱི་ཚོགས་རོགས་སྐྱོབ་དང་ཞིང་ཕྱུགས་ལས་ཐོན་སྐྱེད། སྨན་བཅོས་འགན་སྲུང་། འཐུང་ཆུའི་བདེ་འཇགས། དངུལ་རྩའི་འགན་སྲུང་སོགས་ཐད་ཀྱི་སྲིད་ཇུས་ཞིབ་ཕྲའི་སྒྲོག་འགྲེལ་བྱས། ལྷག་པར་དུ་མང་ཚོགས་ཀྱིས་གཙོ་གནད་དུ་སེམས་ཁུར་བྱེད་བཞིན་པའི་ནད་གཞི་ལྕི་མོའི་སྨན་བཅོས་རོགས་སྐྱོབ་དང་ས་གནས་གཞན་པར་སྨན་བཅོས་བྱེད་པ། སྨན་བཅོས་འགྲོ་གྲོན་རྩིས་ཞུ་བསྡུར་ཚད་སོགས་འགག་རྩའི་ནང་དོན་གྱི་དྲི་བར་ལན་བཏབ་པ་མ་ཟད། དྲིལ་སྒྲོག་ཡིག་དེབ་དང་དྲིལ་སྒྲོག་དངོས་རྫས200ལྷག་བྱིན།
རྫོང་བོད་སྨན་ཁང་གིས་རིན་མེད་ཀྱིས་སྨན་བཅོས་བྱས་པ་དང་། སྨན་དོན་མི་སྣས་ཡུལ་དངོས་ནས་རོང་འབྲོག་མང་ཚོགས་ལ་ཁྲག་ཤེད་དང་ཁྲག་ཚད་ལ་བརྟག་དཔྱད་བྱས་ཏེ། དལ་གཤིས་ཅན་གྱི་ནད་པའི་གནས་ཚུལ་འདྲི་ཞིབ་བྱས་པ་མ་ཟད། སྡེ་མི་ཚོ་དང་མཉམ་ཏུ་བདེ་ཐང་གི་དོགས་གཞི་སྣ་ཚོགས་ལ་ལན་ཞིབ་ཕྲ་འདེབས་པ་དང་ཆབས་ཅིག བདེ་ཐང་མཛུབ་ཁྲིད་དང་བསམ་འཆར་བཏོན།
སྡེ་བའི་གནས་ཚུལ་བརྟག་ཞིབ་ལས་དོན་སྤེལ་རེས་བཞུགས་མོལ་ཚོགས་འདུའི་ཐོག རྫོང་སྲིད་གྲོས་ཀྱི་འགོ་ཁྲིད་ཚན་ཁག་དང་སྡེ་བའི་ཨུ་ལྷན་གཉིས། སྡེ་སྡོད་ལས་དོན་རུ་ཁག སྡེ་མིའི་འཐུས་མི་བཅས་མཉམ་གཅིག་ཏུ་འཛོམས་ནས་ཀླུ་ལུང་སྡེ་བའི་འཕེལ་རྒྱས་ཀྱི་གནས་ཚུལ་དང་མ་འོངས་པའི་འཆར་འགོད་ལ་དམིགས་ནས་སྤེལ་རེས་གཏིང་ཟབ་བྱས། སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཡིས་ཀླུ་ལུང་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ་དང་དམངས་ཕན་སྲིད་ཇུས་དོན་འཁྱོལ་བྱེད་པ། གྲོང་གསེབ་ཁོར་ཡུག་བཅོས་སྐྱོང་སོགས་ཐད་ཀྱི་བྱ་བའི་སྙན་ཞུ་ཕུལ་བ་དང་། ཚོགས་ཞུགས་མི་སྣ་རྣམས་ཀྱིས་མིག་སྔར་གནས་པའི་གནད་དོན་ཇི་ལྟར་ཐག་གཅོད་དང་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་གཏོང་རྒྱུའི་ཐད་བསམ་བློ་བརྗེ་རེས་དང་ཐབས་འདོན་ཇུས་འབུལ་བྱས་ཏེ། ཀླུ་ལུང་སྡེ་བའི་འཕེལ་རྒྱས་ཀྱི་ཐབས་ལམ་གསར་པ་འཚོལ་ཞིབ་བྱས།