མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཀྲེ་ཅང་གི་མིས་བཟོས་རིག་ནུས(AI)འཕེལ་རྒྱས་ཀྱི་སྔོན་ཐོན་ཉམས་མྱོང་དཔྱད་གཞིར་འཛིན་ནས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་གྲངས་འཛིན་སྲིད་གཞུང་འཛུགས་སྐྲུན་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ་དང་། མཚོ་ནུབ་ཀྱི་རྒྱ་ཆེའི་འགོ་ཁྲིད་ལས་བྱེད་པའི་གྲངས་འཛིན་ནུས་པ་དང་བྱང་ཚད་ཇེ་མཐོར་གཏོང་ཆེད། ཟླ3པའི་ཚེས11ཉིན་མཚོ་ནུབ་ཁུལ་གྱིས་“སྲིད་དོན་ལས་རིགས་སུ་DeepSeekའཚོལ་ཞིབ་དང་ཉེར་སྤྱོད་བྱེད་པ”བརྗོད་བྱ་གཙོ་བོར་བྱས་པའི་སྲིད་དོན་ཉེར་སྤྱོད་གསོ་སྦྱོང་བྱས།
གསོ་སྦྱོང་ཡུལ་དངོས་སུDeepSeekཡི་འཕེལ་རྒྱས་བརྒྱུད་རིམ་དང་། བཀོལ་སྤྱོད་བྱེད་སྟངས། ཐོན་ལས་གཞི་གྲངས་ཅན་ཐད་ཀྱི་དཔེ་མཚོན་གྱི་ཉེར་སྤྱོད་རྣམ་པ། ལག་རྩལ་འདེགས་སྐྱོར་བཅས་རྒྱུད་རིམ་ལྡན་པའི་སྒོ་ནས་ངོ་སྤྲོད་བྱས་པ་དང་། ནུས་ཆེའི་གཞུང་ལས་ཉེར་སྤྱོད་དང་། བདེ་འཇགས་འགོག་སྲུང་ཐབས་ཇུས། འཕྲལ་སྡོམ་བཀོད་འདོམས་བཀོད་སྒྲིག རིག་ནུས་ཆ་འཕྲིན་འཚོལ་བཤེར་སོགས་ཁྱབ་ཁོངས་སུ་མིས་བཟོས་རིག་ནུས་ལག་རྩལ་གྱི་དོན་དངོས་བཀོལ་སྤྱོད་ལ་དབྱེ་ཞིབ་གཏིང་ཟབ་བྱས་པ་མ་ཟད། དོན་དངོས་ཀྱི་གྱོད་དཔེ་འབོར་ཆེན་དང་ཟུང་འབྲེལ་བྱས་ནས་མིས་བཟོས་རིག་ནུས་དང་སྲིད་དོན་ཟུང་འབྲེལ་གཏིང་ཟབ་ཀྱི་འཕེལ་རྒྱས་ལེགས་ཆ་འགྲེམས་སྟོན་བྱས་ཏེ། ཚོགས་ཞུགས་མི་སྣར་མིས་བཟོས་རིག་ནུས་ལ་རྒྱུས་ལོན་གཏིང་ཟབ་བྱེད་པ་དང་། དོན་དངོས་བྱ་བའི་ཁྲོད་རིག་ནུས་ཡོ་བྱད་སྤྱོད་པའི་བསམ་གཞིགས་དང་ནུས་པ་ཆེ་རུ་གཏོང་བར་དམིགས་སའི་རང་བཞིན་དང་། མཛུབ་སྟོན་རང་བཞིན། བཀོལ་སྤྱོད་རང་བཞིན་བཅས་ལྡན་པའི་བསམ་ཕྱོགས་དང་བྱེད་ཐབས་འདོན་སྤྲོད་བྱས་ཡོད།
“ཀྲེ་ཅང་ནི་རྒྱལ་ཡོངས་ཀྱི་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་འགྲོ་བའི་མཐོ་ས་ཞིག་ཡིན་ཞིང་། མིས་བཟོས་རིག་ནུས་ཁྱབ་ཁོངས་སུ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་། སྲིད་ཇུས་ཁྲིད་སྟོན་དང་། ཐོན་ལས་འདུ་འཛུགས། ལག་རྩལ་གསར་གཏོད། ཉེར་སྤྱོད་རྣམ་པ་སྒོ་འབྱེད་སོགས་ཐད་ཅུང་ཆ་ཚང་བའི་AIསྣོད་བཅུད་མ་ལག་བཙུགས་ཡོད། དེའི་ཉམས་མྱོང་གིས་ས་ཁུལ་གཞན་དུ‘བཀོལ་སྤྱོད་ལ་བརྟེན་ནས་ལག་རྩལ་ལྡོག་གསོ་བྱེད་པ་དང་སྐྱེ་ཁམས་ལ་བརྟེན་ནས་ཐོན་ཁུངས་འདུས་པའི’དཔྱད་གཞིའི་ཐབས་ལམ་མཁོ་འདོན་བྱས་ཡོད། ཀྲེ་ཅང་ཞིང་ཆེན་མཚོ་སྔོན་ལ་རོགས་སྐྱོར་བཀོད་འདོམས་པུའུ་ཡིས་ཀྲེ་ཅང་དང་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གཉིས་ཀྱི་ལས་ཁུངས་བར་འབྲེལ་མཐུད་བྱ་རྒྱུར་སྔར་བས་སྐུལ་འདེད་གཏོང་བ་དང་། ཀྲེ་ཅང་གི་ཉམས་མྱོང་བཟང་པོ་དང་བྱེད་སྟངས་བཟང་པོ་ནང་འདྲེན་བྱས་ཏེ་མཚོ་ནུབ་ས་ཁུལ་ཁག་གི་གྲངས་འཛིན་སྲིད་གཞུང་འཛུགས་སྐྱོང་ནུས་པ་ཇེ་ཆེར་གཏོང་རྒྱུར་རོགས་རམ་བྱས་ཏེ། མཚོ་ནུབ་ཁུལ་གྱི་སྲིད་དོན་རིག་ནུས་ཅན་དང་ཐོན་ལས་གྲངས་འཛིན་ཅན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏང་རྒྱུ་རེད། མཚོ་ནུབ་ཁུལ་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་དང་། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་དང་ཀྲེ་ཅང་ཞིང་ཆེན་མཚོ་སྔོན་ལ་རོགས་སྐྱོར་བཀོད་འདོམས་པུའུ་ཏང་ཨུའི་ཧྲུའུ་ཅི་བཀོད་འདོམས་དཔོན་ཀྲན་མའོ་ཝུའེ་ཡིས་དེ་ལྟར་བཤད།