ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《རྒྱལ་ཁབ་ཀྱི་ཐོལ་བྱུང་དོན་རྐྱེན་གྱི་སྤྱི་ཡོངས་འཕྲལ་སྡོམ་སྔོན་ཇུས》པར་འགྲེམས་བྱས་པར་མ་ཟད། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོར་བརྡ་ཐོ་བཏང་ནས་དོན་དངོས་དང་ཟུང་འབྲེལ་གྱིས་ལག་བསྟར་ནན་ཏན་བྱེད་དགོས་པའི་བླང་བྱ་བཏོན་ཡོད། 《རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱལ་ཁབ་ཀྱི་ཐོལ་བྱུང་དོན་རྐྱེན་གྱི་སྤྱི་ཡོངས་འཕྲལ་སྡོམ་སྔོན་ཇུས་ལག་བསྟར་བྱ་རྒྱུའི་སྐོར་གྱི་ཆོད་དོན》(རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་པར་འགྲེམས་བྱས་པའི[2005]ཨང11པ)དུས་མཚུངས་སུ་མེད་པར་བཟོས་པ་ཡིན།
《རྒྱལ་ཁབ་ཀྱི་ཐོལ་བྱུང་དོན་རྐྱེན་གྱི་སྤྱི་ཡོངས་འཕྲལ་སྡོམ་སྔོན་ཇུས》ཀྱི་ནང་དོན་གཙོ་བོ་གཤམ་གསལ་ལྟར།
བདེ་འཇགས་ཀྱི་ཉེན་ཁ་ཚབས་ཆེན་འགོག་སེལ་བྱེད་པ་དང་། ཐོལ་བྱུང་དོན་རྐྱེན་ལ་ཁ་གཏད་གཅོག་པ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་སྲུང་སྐྱོང་། རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་བརླིང་བཅས་ལ་སྲུང་སྐྱོང་བྱ་ཆེད་སྔོན་ཇུས་འདི་བཟོས་པ་ཡིན།
1 སྤྱིར་བཏང་གི་རྩ་དོན།
1.1 སྤྱིའི་བླང་བྱ།
ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་འཛིན་པ་མཐའ་འཁྱོངས་དང་། ཏང་གི་ཕྱོགས་ཡོངས་འགོ་ཁྲིད་མཐའ་འཁྱོངས་དང་ཤུགས་སྣོན་པ། མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་མཐའ་འཁྱོངས་བྱེད་པ། མ་མཐའི་མཐའ་ཚད་བསམ་བློ་དང་མཐར་ཐུག་བསམ་བློ་མཐའ་འཁྱོངས་བྱེད་པ། སྔོན་འགོག་གཙོ་བོར་འཛིན་པ་དང་སྔོན་འགོག་དང་འཕྲལ་སྡོམ་ཟུང་འབྲེལ་མཐའ་འཁྱོངས་བྱས་ནས། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་འཆར་འགོད་བྱས་ཏེ། གཅིག་གྱུར་བཀོད་འདོམས་དང་། ཆེད་ལས་དང་རྒྱུན་ལྡན་གཉིས་ལྡན། ཚོར་སྣང་སྐྱེན་པ། གོང་འོག་མཉམ་འགུལ་བཅས་ཀྱི་འཕྲལ་སྡོམ་དོ་དམ་སྒྲིག་སྲོལ་དང་ཕྱོགས་བསྡུས་མཐུན་སྦྱོར། རིགས་དབྱེ་དོ་དམ། རིམ་དབྱེ་འགན་འཁུར། མངའ་ཁོངས་དོ་དམ་བཅས་གཙོ་བོར་འཛིན་པའི་བྱ་བའི་མ་ལག་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ། འཕྲལ་སྡོམ་འཆར་གཞིའི་མ་ལག་འཐུས་ཚང་དུ་གཏོང་བ་དང་། ཕྱོགས་སོ་སོའི་འགན་འཁྲི་ཇེ་དམ་དུ་གཏོང་བ། བདེ་འཇགས་དང་འཕྲལ་སྡོམ་ཆེན་པོའི་སྒྲོམ་གཞིའི་འོག་གི་འཕྲལ་སྡོམ་བཀོད་འདོམས་ལམ་སྲོལ་འཐུས་ཚང་དུ་གཏོང་བ། འཕྲལ་སྡོམ་དོ་དམ་མ་ལག་དང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏིང་ཟབ་གཏོང་དགོས།
1.2བེད་སྤྱོད་ཁྱབ་ཁོངས།
སྔོན་ཇུས་འདི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དམིགས་བསལ་དང་ཚབས་ཆེའི་ཐོལ་བྱུང་དོན་རྐྱེན་ལ་ཁ་གཏད་གཅོག་པའི་ལས་དོན་ལ་སྤྱོད་དགོས་པ་དང་། རྒྱལ་ཡོངས་ཀྱི་ཐོལ་བྱུང་དོན་རྐྱེན་ལ་ཁ་གཏད་གཅོག་པའི་ལས་དོན་ལ་མཛུབ་སྟོན་བྱེད་དགོས།
1.3ཐོལ་བྱུང་དོན་རྐྱེན་རིགས་དབྱེ་དང་རིམ་པ་དབྱེ་བ།
སྔོན་ཇུས་འདིར་བརྗོད་པའི་ཐོལ་བྱུང་དོན་རྐྱེན་ཞེས་པ་ནི་གློ་བུར་དུ་བྱུང་བ་དང་། སྤྱི་ཚོགས་ལ་གནོད་འཚེ་ཚབས་ཆེན་བཟོས་པའམ་ཡང་ན་བཟོ་སྲིད་པ་དང་། འཕྲལ་སྡོམ་ཐག་གཅོད་བྱེད་ཐབས་སྤྱད་ནས་ཁ་གཏད་གཅོག་དགོས་པའི་རང་བྱུང་གནོད་འཚེ་དང་། དོན་རྐྱེན་ཆག་སྒོ། སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་དང་སྤྱི་ཚོགས་བདེ་འཇགས་དོན་རྐྱེན་བཅས་ལ་ཟེར།
(1)རང་བྱུང་གནོད་འཚེ། གཙོ་བོ་ཐན་པ་དང་། གནམ་གཤིས། ས་འགུལ། ས་གཤིས། རྒྱ་མཚོ། སྐྱེ་དངོས་གནོད་འཚེ་དང་ནགས་ཚལ་རྩྭ་ཐང་མེ་སྐྱོན་སོགས་ཚུད་ཡོད།
(2)དོན་རྐྱེན་ཆག་སྒོ། གཙོ་བོ་བཟོ་གཏེར་ཚོང་དོན་སོགས་ཐོན་སྐྱེད་གཉེར་སྐྱོང་སྡེ་ཁག་གི་ཐོན་སྐྱེད་བདེ་འཇགས་དོན་རྐྱེན་སྣ་ཚོགས་དང་། འགྲིམ་འགྲུལ་སྐྱེལ་འདྲེན་དང་། མཚོ་སྣུམ་ལུད་པ། སྤྱི་པའི་སྒྲིག་བཀོད་དང་སྒྲིག་ཆས། ཉིང་རྡུལ་དོན་རྐྱེན། མེ་སྐྱོན་དང་སྐྱེ་ཁམས་ཁོར་ཡུག དྲ་རྒྱའི་བདེ་འཇགས། དྲ་རྒྱའི་གཞི་གྲངས་བདེ་འཇགས། ཆ་འཕྲིན་བདེ་འཇགས་དོན་རྐྱེན་སོགས་ཚུད་ཡོད།
(3)སྤྱི་པའི་འཕྲོད་བསྟེན་གྱི་དོན་རྐྱེན། གཙོ་བོ་འགོས་ནད་རིམས་ནད་དང་། མང་ཚོགས་རང་བཞིན་གྱི་རྒྱུ་རྐྱེན་གསལ་པོ་མེད་པའི་ནད་རིགས། མང་ཚོགས་རང་བཞིན་གྱི་དུག་ཕོག་པ། ཟས་རིགས་བདེ་འཇགས་དོན་རྐྱེན་དང་སྨན་རྫས་བདེ་འཇགས་དོན་རྐྱེན། སྲོག་ཆགས་ཀྱི་རིམས་ནད་བཅས་དང་དེ་བཞིན་སྤྱི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་ལ་ཤུགས་རྐྱེན་ཚབས་ཆེན་ཐེབས་པའི་དོན་རྐྱེན་གཞན་དག་བཅས་ཚུད་ཡོད།
(4)སྤྱི་ཚོགས་བདེ་འཇགས་ཀྱི་དོན་རྐྱེན། གཙོ་བོ་ཉེས་དོན་གྱོད་གཞི་དང་འཇིགས་སྐུལ། མང་ཚོགས་རང་བཞིན། མི་རིགས་ཆོས་ལུགས་ཀྱི་དོན་རྐྱེན་དང་། དངུལ་རྩ་དང་ཕྱི་རྒྱལ་དང་འབྲེལ་བ་ཡོད་པ། ཚོང་ར་དང་སྤྱི་ཚོགས་བརྟན་བརླིང་ལ་ཤུགས་རྐྱེན་ཐེབས་པའི་ཐོལ་བྱུང་དོན་རྐྱེན་གཞན་དག་བཅས་ཚུད་ཡོད།
གོང་གསལ་གྱི་ཐོལ་བྱུང་དོན་རྐྱེན་སྣ་ཚོགས་རྒྱུན་དུ་ཕན་ཚུན་འབྲེལ་བ་ཡོད་པ་དང་། དུས་མཉམ་དུ་འབྱུང་སྲིད་པའམ་ཡང་ན་ཞར་བྱུང་དོན་རྐྱེན་འབྱུང་སྲིད་པས། དབྱེ་ཞིབ་ཞིབ་ཕྲ་དང་གཅིག་གྱུར་གྱིས་ཁ་གཏད་གཅོག་དགོས།
སྤྱི་ཚོགས་ལ་གནོད་འཚེ་གཏོང་བའི་ཚད་དང་ཤུགས་རྐྱེན་ཐེབས་པའི་ཁྱབ་ཁོངས་སོགས་ཀྱི་རྒྱུ་རྐྱེན་ལ་གཞིགས་ན། རང་བྱུང་གནོད་འཚེ་དང་དོན་རྐྱེན་ཆག་སྒོ། སྤྱི་པའི་འཕྲོད་བསྟེན་གྱི་དོན་རྐྱེན་བཅས་ལ་ཤིན་ཏུ་ཚབས་ཆེ་བ་དང་ཚབས་ཆེ་བ། ཅུང་ཚབས་ཆེ་བ། སྤྱིར་བཏང་བཅས་རིམ་པ4ལ་དབྱེ་ཡོད། ཐོལ་བྱུང་དོན་རྐྱེན་གྱི་རིམ་པ་དབྱེ་བའི་ཚད་གཞི་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་ངམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་འཁེལ་བྱས་པའི་སྡེ་ཚན་གྱིས་གཏན་འབེབས་བྱེད་དགོས་པ་དང་། དེ་ཐོལ་བྱུང་དོན་རྐྱེན་གྱི་ཆ་འཕྲིན་ཡར་ཞུ་དང་རིམ་པ་དབྱེ་ནས་ཐག་གཅོད་བྱེད་པའི་གཞི་འཛིན་སར་བརྩི་དགོས། སྤྱི་ཚོགས་བདེ་འཇགས་དོན་རྐྱེན་གྱི་རིམ་དབྱེ་ཚད་གཞི་ལོགས་སུ་གཏན་འབེབས་བྱས་ཡོད།
1.4འཕྲལ་སྡོམ་སྔོན་ཇུས་མ་ལག
ཐོལ་བྱུང་དོན་རྐྱེན་གྱི་འཕྲལ་སྡོམ་སྔོན་ཇུས་མ་ལག་ནང་རིམ་པ་ཁག་གི་ཏང་ཨུ་དང་སྲིད་གཞུང་དང་། དེ་བཞིན་རྫོང་རིམ་པ་ཡན་གྱི་ཏང་ཨུ་དང་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་དང་གཞི་རིམ་རྩ་འཛུགས། ཁེ་དོན་ལས་སྡེ་ཁག སྤྱི་ཚོགས་ཚོགས་པ་སོགས་ཀྱིས་བཟོས་པའི་ཐོལ་བྱུང་དོན་རྐྱེན་སྣ་ཚོགས་ཀྱི་འཕྲལ་སྡོམ་སྔོན་ཇུས་དང་དེ་བཞིན་འབྲེལ་ཡོད་འདེགས་སྐྱོར་རང་བཞིན་གྱི་ཡིག་ཆ་ཚུད་ཡོད། རྫོང་རིམ་པ་ཡན་གྱི་ཏང་ཨུ་དང་སྲིད་གཞུང་གི་འཕྲལ་སྡོམ་སྔོན་ཇུས་ནི་སྤྱི་ཡོངས་ཀྱི་འཕྲལ་སྡོམ་སྔོན་ཇུས་དང་། ཆེད་དོན་འཕྲལ་སྡོམ་སྔོན་ཇུས། སྡེ་ཚན་གྱི་འཕྲལ་སྡོམ་སྔོན་ཇུས་བཅས་ལས་གྲུབ་པ་ཡིན།
2 རྩ་འཛུགས་བཀོད་འདོམས་མ་ལག
2.1 རྒྱལ་ཁབ་རིམ་པའི་བཀོད་འདོམས་སྒྲིག་སྲོལ།
ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཤིན་ཏུ་ཚབས་ཆེ་བའི་ཐོལ་བྱུང་དོན་རྐྱེན་ལ་ཁ་གཏད་གཅོག་པའི་ལས་དོན་ཐད་ཐབས་ཇུས་བཀོད་སྒྲིག་བྱས་ཏེ། དགོས་མཁོ་དངོས་ལ་གཞིགས་ནས་རྒྱལ་ཁབ་ཀྱི་ཐོལ་བྱུང་དོན་རྐྱེན་འཕྲལ་སྡོམ་བཀོད་འདོམས་སྒྲིག་གཞི་བཙུགས་ནས། འབྲེལ་ཡོད་འགན་འཁུར་བློ་མཐུན་དམིགས་འཛུགས་བྱས་ཏེ། ཐོལ་བྱུང་དོན་རྐྱེན་ལ་ཁ་གཏད་གཅོག་པའི་ལས་དོན་སྒྲིག་འཛུགས་བྱེད་དགོས། ཁོངས་མི་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་དོན་ཨུ་ལྷན་བཅས་ཀྱི་འབྲེལ་ཡོད་སྡེ་ཚན་དང་། ས་གནས་ཏང་ཨུ་དང་སྲིད་གཞུང་གི་འགན་འཁུར་བློ་མཐུན་སོགས་ཀྱིས་གྲུབ་པ་ཡིན། དགོས་ངེས་ཀྱི་སྐབས་སུ་ལས་དོན་ཚོ་ཆུང་མངགས་པའམ་ཡང་ན་ཡུལ་དངོས་བཀོད་འདོམས་པུའུ་བཙུགས་ནས་འབྲེལ་ཡོད་ལས་དོན་ལ་མཛུབ་ཁྲིད་བྱས་ཆོག
ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་འགན་འཁྲིའི་ལས་བགོས་ལྟར་ཁྱབ་ཁོངས་དེ་གའི་ཐོལ་བྱུང་དོན་རྐྱེན་ལ་ཁ་གཏད་གཅོག་པའི་དོ་དམ་ལས་དོན་སྒྲིག་འཛུགས་མཐུན་སྦྱོར་ལ་མཛུབ་ཁྲིད་བྱེད་པ་དང་། རྒྱལ་ཁབ་ཀྱི་འབྲེལ་ཡོད་ཐོལ་བྱུང་དོན་རྐྱེན་འཕྲལ་སྡོམ་བཀོད་འདོམས་ལས་ཁུངས་ཀྱི་ཕྱོགས་བསྡུས་མཐུན་སྦྱོར་ལས་དོན་གྱི་འགན་འཁུར་རྒྱུ་དང་། འགན་འཁྲི་ཞིབ་ཕྲ་དེ་རྒྱལ་ཁབ་ཀྱི་འབྲེལ་ཡོད་ཆེད་དོན་འཕྲལ་སྡོམ་འཆར་གཞིའི་ནང་ཁ་གསལ་བཟོ་དགོས། དེའི་ནང་སྤྱི་བདེ་པུའུ་ཡིས་སྤྱི་ཚོགས་བདེ་འཇགས་རིགས་ཀྱི་ཐོལ་བྱུང་དོན་རྐྱེན་གལ་ཆེན་མཐུན་སྦྱོར་ཐག་གཅོད་ཀྱི་འགན་འཁུར་རྒྱུ་དང་། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་འཕྲོད་བསྟེན་འཕྲལ་སྡོམ་ལས་དོན་གྱི་འགན་འཁུར་རྒྱུ། འཕྲལ་སྡོམ་དོ་དམ་པུའུ་ཡིས་བདེ་འཇགས་ཐོན་སྐྱེད་རིགས་དང་རང་བྱུང་གནོད་འཚེའི་རིགས་སོགས་ཐོལ་བྱུང་དོན་རྐྱེན་འཕྲལ་སྡོམ་ཐག་གཅོད་ལ་རྩ་འཛུགས་སྒོས་མཛུབ་ཁྲིད་དང་མཐུན་སྦྱོར་བྱེད་པའི་འགན་འཁུར་རྒྱུ། སྐྱེ་ཁམས་ཁོར་ཡུག་པུའུ་ཡིས་ཐོལ་བྱུང་སྐྱེ་ཁམས་ཁོར་ཡུག་དོན་རྐྱེན་གྱི་འཕྲལ་སྡོམ་ལས་དོན་མཐུན་སྦྱོར་ཐག་གཅོད་ཀྱི་འགན་འཁུར་རྒྱུ། ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་གིས་དྲ་རྒྱའི་བདེ་འཇགས་དང་དྲ་རྒྱའི་གཞི་གྲངས་བདེ་འཇགས། ཆ་འཕྲིན་བདེ་འཇགས་བཅས་རིགས་ཀྱི་ཐོལ་བྱུང་དོན་རྐྱེན་མཐུན་སྦྱོར་ཐག་གཅོད་ཀྱི་འགན་འཁུར་རྒྱུ་བཅས་ཡིན།
2.2 ས་གནས་རིམ་པའི་བཀོད་འདོམས་སྒྲིག་སྲོལ།
རྫོང་རིམ་པ་ཡན་གྱི་ས་གནས་ཏང་ཨུ་དང་སྲིད་གཞུང་གིས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ནས་རིམ་པ་དེ་གའི་ཏང་ཨུ་དང་སྲིད་གཞུང་གི་འགན་འཁུར་བློ་མཐུན་གཙོ་བོས་སྣེ་ཁྲིད་ནས་བཙུགས་པའི་ཐོལ་བྱུང་དོན་རྐྱེན་འཕྲལ་སྡོམ་བཀོད་འདོམས་ལས་ཁུངས་དེས། ས་གནས་དེ་གའི་ཐོལ་བྱུང་དོན་རྐྱེན་ལ་ཁ་གཏད་གཅོག་པའི་ལས་དོན་ལ་གཅིག་གྱུར་གྱིས་བཀོད་འདོམས་དང་མཐུན་སྦྱོར་བྱ་དགོས། དོན་དངོས་ཀྱི་དགོས་མཁོར་གཞིགས་ནས་འབྲེལ་ཡོད་རིགས་ཀྱི་ཐོལ་བྱུང་དོན་རྐྱེན་འཕྲལ་སྡོམ་བཀོད་འདོམས་ལས་ཁུངས་བཙུགས་ནས། ཐོལ་བྱུང་དོན་རྐྱེན་ལ་ཁ་གཏད་གཅོག་པའི་ལས་དོན་སྒྲིག་འཛུགས་དང་མཐུན་སྦྱོར། བཀོད་འདོམས་བཅས་བྱ་དགོས། ཐོལ་བྱུང་དོན་རྐྱེན་བྱུང་རྗེས། གནས་ཚུལ་ལ་གཞིགས་ནས་ཡུལ་དངོས་བཀོད་འདོམས་ལས་ཁུངས་བཙུགས་ནས། ཡུལ་དངོས་འཕྲལ་སྡོམ་ཐག་གཅོད་དང་རོགས་སྐྱོབ་ལས་དོན་གཅིག་གྱུར་གྱིས་སྒྲིག་འཛུགས་དང་བཀོད་འདོམས་བྱས་ཆོག་པ་མ་ཟད། དོན་དངོས་དང་ཟུང་འབྲེལ་བྱས་ནས་གཏན་འབེབས་ལྟར་གནས་སྐབས་ཀྱི་ཏང་རྩ་འཛུགས་བཙུགས་ནས། བསམ་བློ་ཆབ་སྲིད་ལས་དོན་ལ་ཤུགས་བསྣན་ནས་འཐབ་འཛིང་བཙན་རྫོང་གི་ནུས་པ་འདོན་སྤེལ་བྱེད་དགོས།
ཞང་གྲོང(སྲང་ལམ)དང་གསར་སྤེལ་ཁུལ། བཟོ་ལས་གླིང་ཁུལ། གྲུ་ཁ། མཛེས་ལྗོངས་ཁུལ་སོགས་ཀྱིས་འཕྲལ་སྡོམ་དོ་དམ་རྩ་འཛུགས་མ་ལག་འཐུས་ཚང་དུ་གཏོང་བ་དང་། ཆེད་དོན་བྱ་བའི་སྟོབས་ཤུགས་ཁ་གསལ་བཟོ་བ། འཕྲལ་སྡོམ་སྔོན་ཇུས་ཞིབ་ཕྲ་བཟོ་བ། ས་ཁོངས་དེ་གའི་ཐོལ་བྱུང་དོན་རྐྱེན་ལ་ཁ་གཏད་གཅོག་པའི་རྩ་འཛུགས་མཐུན་སྦྱོར་ལས་དོན་ཡག་པོར་སྒྲུབ་པ་བཅས་བྱེད་དགོས། གྲོང་ཚོ(སྡེ་ཁུལ)ཡིས་ལྟ་ཞིབ་ཚད་ལེན་སྔོན་བརྡ་གཏོང་བ་དང་། ཆ་འཕྲིན་སྙན་ཞུ། སྔོན་ལ་ཐག་གཅོད། སྒྲིག་འཛུགས་སྐུལ་སློང་བཅས་ཀྱི་ནུས་པ་ཆེ་རུ་གཏོང་བ་དང་། འཕྲལ་སྡོམ་བྱ་བའི་ལམ་སྲོལ་ཁྲིམས་ལྟར་འཐུས་ཚང་དུ་བཏང་ནས། ས་ཁོངས་དེ་གའི་འཕྲལ་སྡོམ་དོ་དམ་གྱི་འབྲེལ་ཡོད་ལས་དོན་ཡག་པོར་བསྒྲུབ་དགོས།
ཁྱིམ་མཚེས་ས་ཁུལ་གྱིས་ཆ་འཕྲིན་མཉམ་སྤྱོད་དང་འཕྲལ་སྡོམ་མཉམ་འགུལ་ལམ་སྲོལ་བཙུགས་ནས། ས་ཁོངས་རང་བཞིན་དང་འབབ་རྒྱུད་རང་བཞིན། འབྲེལ་བ་རང་བཞིན་ཆེ་བ་བཅས་ཀྱི་ཐོལ་བྱུང་དོན་རྐྱེན་སྔོན་འགོག་དང་ཁ་གཏད་གཅོག་པའི་ལས་དོན་ཐུན་མོང་ཐོག་ལེགས་པར་བསྒྲུབ་དགོས།
2.3 ཆེད་མཁས་པའི་ཚན་ཆུང་།
རིམ་པ་སོ་སོ་དང་རིགས་སོ་སོའི་ཐོལ་བྱུང་དོན་རྐྱེན་འཕྲལ་སྡོམ་བཀོད་འདོམས་ལས་ཁུངས་ཀྱིས་འབྲེལ་ཡོད་ཆེད་ལས་ཤེས་ལྡན་མི་སྣའི་མཛོད་བཙུགས་ཏེ། དོན་དངོས་ཀྱི་དགོས་མཁོར་གཞིགས་ནས་འབྲེལ་ཡོད་ཆེད་མཁས་པ་གདན་ཞུ་དང་ཚན་ཆུང་བཙུགས་ཏེ། འཕྲལ་སྡོམ་དོ་དམ་ལ་ཐབས་ཇུས་ཀྱི་གྲོས་གཞི་འདོན་སྤྲོད་བྱེད་པ་དང་། དགོས་ངེས་ཀྱི་སྐབས་སུ་ཐོལ་བྱུང་དོན་རྐྱེན་འཕྲལ་སྡོམ་ཐག་གཅོད་བྱེད་པའི་ལས་དོན་ནང་ཞུགས་དགོས།
3 འཁོར་སྐྱོད་ལམ་སྲོལ།
3.1 ཉེན་ཁ་འགོག་སྡོམ།
འབྱུང་ཁུངས་ནས་ཉེན་ཁ་ཚབས་ཆེན་འགོག་སེལ་བྱེད་པ་མཐའ་འཁྱོངས་བྱ་དགོས། རྫོང་རིམ་པ་ཡན་གྱི་ས་གནས་ཏང་ཨུ་དང་སྲིད་གཞུང་གིས་ཉེན་ཁ་འགོག་སེལ་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ། བདེ་འཇགས་ཀྱི་ཉེན་ཁ་སྔོན་འགོག་དེ་གཞི་རིམ་གྱི་དྲ་མིག་ཅན་གྱི་དོ་དམ་ནང་འཇུག་དགོས་པ་དང་། གཏན་འབེབས་ལྟར་ཉེན་ཁའི་འབྱུང་ཁུངས་དང་ཉེན་ཁའི་ས་ཁོངས། རིམས་ནད་ཀྱི་གནས་ཚུལ་དང་སྐྱེ་དངོས་བདེ་འཇགས་ཀྱི་ཉེན་ཁ་སོགས་ལ་བརྟག་དཔྱད་དང་དཔྱད་དཔོག ཐོ་འགོད་བཅས་བྱེད་པར་སྒྲིག་འཛུགས་བྱས་ནས། ཉེན་ཁ་སྔ་མོ་ནས་ངོས་འཛིན་དང་ཆ་འཕྲིན་སྙན་ཞུ། བརྡ་ཁྱབ་སྤེལ་བ་བཅས་ལ་ཤུགས་སྣོན་དགོས། ས་གནས་ཁག་གིས་དུས་བཅད་ནང་སྤྱི་པའི་བདེ་འཇགས་ཀྱི་གནས་བབ་ལ་དབྱེ་ཞིབ་སྒྲིག་འཛུགས་བྱས་ཏེ། དགོས་ངེས་ཀྱི་སྐབས་སུ་སྤྱི་ཚོགས་ལ་བརྡ་ཁྱབ་གཏོང་དགོས།
3.2 ལྟ་ཞིབ་ཚད་ལེན་དང་སྔོན་བརྡའི་ཉེན་བརྡ།
3.2.1 ལྟ་ཞིབ་ཚད་ལེན།
ས་གནས་སོ་སོའི་འབྲེལ་ཡོད་སྡེ་ཁག་ཁག་གིས་ལྟ་ཞིབ་ཚད་ལེན་དྲ་རྒྱ་འཐུས་ཚང་དུ་གཏོང་བ་དང་ཆ་འཕྲིན་ཐོན་ཁུངས་བསྡུ་བསྒྲིལ་བྱས་ཏེ། གནམ་གཤིས་དང་ཆུ་དཔྱད། ས་འགུལ། ས་གཤིས། ནགས་ཚལ། རྩྭ་ཐང་། བྱེ་ཐང་། རྒྱ་མཚོ། སྐྱེ་ཁམས་ཁོར་ཡུག བར་སྟོང་དམིགས་འབེན་དང་། ཉེན་ཁའི་འབྱུང་ཁུངས་གལ་ཆེན་དང་ཉེན་ཁའི་ས་ཁོངས། འགག་རྩའི་རྨང་གཞིའི་སྒྲིག་བཀོད་གལ་ཆེན། འགྲིམ་འགྲུལ་སྐྱེལ་འདྲེན་གནས་ཚུལ། མི་སྣའི་ཁྱབ་ཚུལ་དང་འཁོར་སྐྱོད་གནས་ཚུལ། འགོས་ནད་དང་རྒྱུ་རྐྱེན་གསལ་པོ་མེད་པའི་ནད་རིགས། སྲོག་ཆགས་ཀྱི་རིམས་ནད། རྩི་ཤིང་གི་ནད་འབུའི་གནོད་པ། བཟའ་བཅའ་དང་སྨན་རྫས་བདེ་འཇགས། དངུལ་རྩའི་འགྱུར་ལྡོག དྲ་རྒྱའི་གཞི་གྲངས་བདེ་འཇགས། མིས་བཟོས་རིག་ནུས་བདེ་འཇགས་སོགས་ལ་ཕྱོགས་བསྡུས་ལྟ་ཞིབ་ཚད་ལེན་བྱས་ཏེ། ཆེད་ལས་ལྟ་ཞིབ་ཚད་ལེན་དེ་མང་ཚོགས་ཀྱི་ཚད་ལེན་དང་མང་ཚོགས་ཀྱི་སྔོན་འགོག་ལ་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། ཐབས་ལམ་སྣ་ཚོགས་བརྒྱུད་དེ་ཆ་འཕྲིན་བསྡུ་རུབ་དང་མཉམ་སྤྱོད་བྱེད་པ་དང་། རྨང་གཞིའི་ཆ་འཕྲིན་གཞི་གྲངས་མཛོད་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། ཆ་འཕྲིན་ཕྱོགས་བསྡུས་དང་དབྱེ་ཞིབ་ཞིབ་འཇུག་བརྡར་གཅོད་ལ་ཤུགས་སྣོན་རྒྱག་པ། ཐོལ་བྱུང་དོན་རྐྱེན་འབྱུང་སྲིད་པའི་གནས་ཚུལ་སྔ་མོ་ནས་ཤེས་རྟོགས་བཅས་བྱས་ཏེ། སྔོན་བརྡའི་ཉེན་བརྡ་དང་ཐག་གཅོད་བྱེད་ཐབས་ཀྱི་གྲོས་གཞི་འདོན་དགོས།
3.2.2 ཉེན་བརྡ།
རྒྱལ་ཁབ་ཀྱིས་ཐོལ་བྱུང་དོན་རྐྱེན་སྔོན་བརྡ་གཏོང་བའི་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས། ཐོལ་བྱུང་དོན་རྐྱེན་བྱུང་བའི་ཛ་དྲག་གི་ཚད་དང་། འཕེལ་རྒྱས་ཀྱི་རྣམ་པ། གནོད་འཚེ་བཟོ་སྲིད་པའི་ཚད་བཅས་གཞིར་བཟུང་སྟེ། སྔོན་བརྡའི་རིམ་པ་དེ་རིམ་པ་དང་པོ་དང་། རིམ་པ་གཉིས་པ། རིམ་པ་གསུམ་པ། རིམ་པ་བཞི་པ་བཅས་སུ་དབྱེ་ནས་སོ་སོར་དམར་པོ་དང་། ལི་མདོག སེར་པོ། སྔོན་པོ་བཅས་ཀྱིས་མཚོན་པ་དང་། རིམ་པ་དང་པོ་ནི་རིམ་པ་མཐོ་ཤོས་ཡིན་པ་དང་། རིམ་པ་དབྱེ་བའི་ཚད་གཞི་རྒྱལ་སྲིད་སྤྱི་ཁྱབ་ཁང་ངམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་འཁེལ་བྱས་པའི་སྡེ་ཚན་གྱིས་གཏན་འབེབས་བྱ་དགོས། རྫོང་རིམ་པ་ཡན་གྱི་ས་གནས་སྲིད་གཞུང་གིས་འབྲེལ་ཡོད་སྡེ་ཁག་དང་འཕྲལ་སྡོམ་བཀོད་འདོམས་ལས་ཁུངས་ལ་གཅིག་གྱུར་གྱིས་ཉེན་བརྡའི་ཆ་འཕྲིན་ཁྱབ་བསྒྲགས་བྱེད་པའམ་ཡང་ན་དབང་ཆ་སྤྲོད་རྒྱུ་དང་། དོན་དངོས་དང་ཟུང་འབྲེལ་བྱས་ནས་ལག་བསྟར་བྱེད་ཐབས་ཞིབ་ཕྲ་བཟོ་དགོས།
⑴ ཉེན་བརྡའི་ཆ་འཕྲིན་ཁྱབ་བསྒྲགས་བྱ་དགོས། སྔོན་བརྡ་གཏང་ཆོག་པའི་རང་བྱུང་གནོད་འཚེ་དང་། དོན་རྐྱེན་ཆག་སྒོའམ་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་བྱུང་ཉེན་ཆེ་བ་དང་ཡང་ན་འབྱུང་སྲིད་པའི་ཉེན་ཁ་ཆེ་རུ་འགྲོ་སྐབས། རིམ་པ་དབྱེ་བའི་ཚད་གཞིར་གཞིགས་ནས་སྔོན་བརྡ་གཏོང་བའི་རིམ་པ་གཏན་འཁེལ་དང་། རིམ་པ་དེ་མཚུངས་ཀྱི་སྔོན་བརྡ་གཏོང་བའི་ཆ་འཕྲིན་ཁྱབ་བསྒྲགས་བྱེད་དགོས་ལ། འབྲེལ་ཡོད་ས་ཁུལ་དེ་སྔོན་བརྡ་གཏོང་དགོས་པའི་དུས་སུ་སླེབས་པའི་གཏན་འབེབས་དང་ཁྱབ་བསྒྲགས་བྱེད་པ་དང་། འབྲེལ་ཡོད་ཕྱོགས་ལ་གནས་ཚུལ་སྙན་ཞུ་དང་བརྡ་ཁྱབ་གཏོང་དགོས་པར་མ་ཟད། གནས་ཚུལ་གྱི་འཕེལ་ཚུལ་ལ་གཞིགས་ནས་དུས་ཐོག་ཏུ་ལེགས་སྒྲིག་བྱེད་དགོས།
སྔོན་བརྡའི་ཆ་འཕྲིན་ལ་གཅིག་གྱུར་གྱི་རྣམ་པ་སྤྱོད་དགོས། ནང་དོན་གཙོ་བོར་སྔོན་བརྡའི་རིགས་དང་། སྔོན་བརྡའི་རིམ་པ། འགོ་འཛུགས་དུས་ཚོད། ཤུགས་རྐྱེན་ཐེབས་སྲིད་པའི་ཁྱབ་ཁོངས། ཉེན་བརྡའི་དོན་ཚན། སྤྱི་དམངས་ཀྱིས་སྤྱོད་དགོས་པའི་སྔོན་འགོག་བྱ་ཐབས་དང་ཁྱབ་བསྒྲགས་ལས་ཁུངས། ཁྱབ་བསྒྲགས་དུས་ཚོད་སོགས་ཚུད་ཡོད།
⑵ ཉེན་བརྡའི་ཆ་འཕྲིན་ཁྱབ་སྤེལ་བྱེད་དགོས། ཐོལ་བྱུང་དོན་རྐྱེན་སྔོན་བརྡ་གཏོང་བའི་ཆ་འཕྲིན་ཁྱབ་བསྒྲགས་མ་ལག་དང་། འཕྲལ་སྡོམ་ཞབས་ཞུའི་ལས་སྟེགས། འཕྲལ་སྡོམ་རྒྱང་སྒྲོག འཕྲིན་ཐུང་སྐད་འཕྲིན་སོགས་ཀྱི་བྱ་ཐབས་ཕྱོགས་བསྡུས་བེད་སྤྱོད་བྱས་ནས། སྔོན་བརྡ་གཏོང་བའི་ཁྱབ་རྒྱ་ཆེ་རུ་གཏོང་དགོས། རྒན་བྱིས་དང་ནད་པ། དབང་པོ་སྐྱོན་ཅན། སྦྲུམ་མ་སོགས་དམིགས་བསལ་གྱི་མི་ཚོགས་དང་། སློབ་གྲྭ་དང་རྒན་གསོའི་ཞབས་ཞུའི་སྒྲིག་གཞི། བྱིས་པའི་ཕན་བདེའི་སྒྲིག་གཞི། ནར་མ་སོན་པའི་མིའི་རོགས་སྐྱོབ་སྲུང་སྐྱོང་ལས་ཁུངས་སོགས་དམིགས་བསལ་སྡེ་ཁག་དང་། ཞིང་སྡེའི་ཐག་རིང་ས་ཁུལ་སོགས་ཉེན་བརྡ་འབྱོར་དཀའ་བའི་གནས། མཚན་མོ་སོགས་དམིགས་བསལ་གྱི་དུས་སྐབས་སུ། རྔ་རྡུང་དུང་འབུད་དང་། སྒོ་རྡུང་བ་སོགས་དམིགས་གཏད་རང་བཞིན་གྱི་བྱེད་ཐབས་སྤྱད་དེ་གནད་ལ་འཁེལ་བའི་སྒོ་ནས་བརྡ་ཐོ་གཏོང་དགོས།
⑶ སྔོན་བརྡ་དང་ལེན་བྱེད་ཐབས། ཉེན་ཟོན་སྔོན་བརྡའི་ཆ་འཕྲིན་ཁྱབ་བསྒྲགས་བྱས་རྗེས། ཁྲིམས་ལྟར་མི་སྣ་སྤོ་སྒྱུར་དང་། འཕྲལ་སྡོམ་སྟོབས་ཤུགས་སྔོན་བཀོད། དངོས་ཟོག་སྒྲིག་ཆས་བསྡུ་སྐྱེལ། གཙོ་གནད་དམིགས་ས་སྲུང་སྐྱོབ། སྤྱི་པའི་སྒྲིག་བཀོད་བདེ་འཇགས་ངང་འཁོར་སྐྱོད་བྱེད་པར་འགན་སྲུང་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱོད་དགོས། དགོས་ངེས་ཀྱི་སྐབས་སུ་ཁྲིམས་ལྟར་འབྲེལ་ཡོད་ས་ཁོངས་བཀག་སྡོམ་ཚོད་འཛིན་དང་། སྤྱི་བའི་ཚོགས་ར་སྒོ་རྒྱག་པ། ལས་གྲོལ་དུས་ཚོད་བསྣོལ་བའམ་སློབ་ཁྲིད་མཚམས་འཇོག་དང་། ལས་མཚམས་འཇོག་པ། ཐོན་སྐྱེད་མཚམས་འཇོག་པ། སྐྱེལ་འདྲེན་མཚམས་འཇོག་པ། དེ་བཞིན་སྔོན་འགོག་རང་བཞིན་དང་སྲུང་སྐྱོབ་རང་བཞིན་གྱི་བྱེད་ཐབས་གཞན་དག་སྤྱོད་དགོས།
⑷ ཉེན་ཟོན་ཉེན་བརྡ་མེད་པར་བཟོ་བའམ་ཡང་ན་འཕྲལ་སྡོམ་དང་ལེན་བྱེད་འགོ་འཛུགས་དགོས། ཐོལ་བྱུང་དོན་རྐྱེན་གྱི་ཉེན་ཁ་སེལ་ཟིན་ན། དུས་ཐོག་ཏུ་ཉེན་བརྡ་མེད་པར་བཟོ་བ་དང་། ཉེན་བརྡ་གཏོང་བའི་དུས་ཡུན་མཚམས་འཇོག་དགོས་པར་མ་ཟད། སྤྱད་ཟིན་པའི་འབྲེལ་ཡོད་བྱེད་ཐབས་མེད་པར་བཟོ་དགོས། ཐོལ་བྱུང་དོན་རྐྱེན་བྱུང་ཟིན་པའམ་ཡང་ན་འབྱུང་ཉེན་ཆེ་ན་འཕྲལ་མར་འཕྲལ་སྡོམ་བྱེད་འགོ་རྩོམ་དགོས།
3.3 ཐག་གཅོད་དང་རོགས་སྐྱོབ།
3.3.1 སྔོན་ལ་ཐག་གཅོད་དང་ཆ་འཕྲིན་སྙན་ཞུ།
རྒྱལ་ཡོངས་ཀྱི་ཐོལ་བྱུང་དོན་རྐྱེན་གྱི་ཆ་འཕྲིན་སྙན་སེང་ཞུ་བའི་ལས་དོན་ལ་ཤུགས་སྣོན་དང་ཚད་ལྡན་དུ་གཏོང་དགོས། ས་གནས་རིམ་པ་ཁག་གི་ཏང་ཨུ་དང་སྲིད་གཞུང་གིས་ཐོལ་བྱུང་དོན་རྐྱེན་གྱི་ཆ་འཕྲིན་སྙན་སེང་ཞུ་བའི་ལས་ཀའི་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ། དུས་ཐོག་དང་། ཕྱི་རོལ་ཡུལ་དང་མཐུན་པ། དོན་དངོས་བཅས་ཀྱིས་གོང་རིམ་ཏང་ཨུ་དང་སྲིད་གཞུང་ལ་ཐོལ་བྱུང་དོན་རྐྱེན་གྱི་ཆ་འཕྲིན་སྙན་སེང་ཞུ་དགོས་པ་ལས། ཕྱིར་འགྱངས་དང་། རྫུན་བཟོ། གསང་བ། ཆད་ལུས་བཅས་ཀྱི་སྒོ་ནས་སྙན་སེང་ཞུ་བ་བཅས་བྱས་མི་ཆོག་ལ། ཛ་དྲག་གི་ཆ་འཕྲིན་སྙན་སེང་ཞུ་བར་གནོན་ཤུགས་དང་བཀག་འགོག་བྱས་མི་ཆོག
(1)ཐོལ་བྱུང་དོན་རྐྱེན་བྱུང་རྗེས། དོན་རྐྱེན་དང་འབྲེལ་བ་ཡོད་པའི་སྡེ་ཚན་གྱིས་འཕྲལ་མར་བྱེད་ཐབས་སྤྱད་དེ་གནས་ཚུལ་འཕེལ་རྒྱས་ལ་ཚོད་འཛིན་བྱེད་པ་དང་། འཕྲལ་སྡོམ་ཐག་གཅོད་དང་རོགས་སྐྱོབ་ལས་དོན་སྒྲིག་འཛུགས་བྱས་ཏེ། གནས་ཡུལ་གྱི་ཏང་ཨུ་དང་སྲིད་གཞུང་ངམ་ཡང་ན་དེའི་འབྲེལ་ཡོད་སྡེ་ཚན་ལ་དྲང་བདེན་གྱིས་སྙན་སེང་ཞུ་དགོས་པ་དང་། རོགས་སྐྱོར་གྱི་དགོས་མཁོ་འདོན་དགོས་པར་མ་ཟད། གནས་ཚུལ་གྱི་འཕེལ་རྒྱས་དང་འགྱུར་ལྡོག་ལ་གཞིགས་ནས་དུས་ཐོག་ཏུ་མུ་མཐུད་སྙན་སེང་ཞུ་དགོས། ཞང་གྲོང(སྲང་ལམ)དང་གྲོང་ཚོ(སྡེ་ཁུལ)ཡིས་ས་ཁོངས་དེ་གའི་ཐོན་ཁུངས་དང་སྟོབས་ཤུགས་སྣ་ཚོགས་གཅིག་གྱུར་གྱིས་བཀོད་སྒྲིག་བྱས་ཏེ། འབྲེལ་ཡོད་འཕྲལ་སྡོམ་སྔོན་ཇུས་གཞིར་བཟུང་ཐོག་དུས་ཐོག་དང་ནུས་ལྡན་ངང་ཐག་གཅོད་བྱས་ནས། གནས་བབ་ལ་ཚོད་འཛིན་བྱེད་དགོས། སྡེ་ཚན་དང་མི་སྒེར་གང་ཞིག་ཡིན་རུང་ཐོལ་བྱུང་དོན་རྐྱེན་ཤེས་རྟོགས་བྱུང་ཚེ། ཉེན་རྟོག་པའི་ཁ་པར110དང་ཡང་ན་ཐབས་ལམ་གཞན་དག་བརྒྱུད་སྙན་སེང་ཞུ་དགོས། ས་གནས་ཁག་གིས་ཐོལ་བྱུང་དོན་རྐྱེན་གྱི་ཆ་འཕྲིན་གཅིག་གྱུར་གྱིས་སྙན་སེང་ཞུ་བ་དང་ཐག་གཅོད་བྱེད་པའི་མ་ལག་འཚོལ་ཞིབ་དང་གསར་འཛུགས་བྱེད་དགོས།
སྙན་ཞུའི་ནང་དོན་ནང་གཙོ་བོ་དུས་ཚོད་དང་། ས་གནས། ཆ་འཕྲིན་ཡོང་ཁུངས། དོན་རྐྱེན་གྱི་ངོ་བོ། ཤུགས་རྐྱེན་ཐེབས་པའི་ཁྱབ་ཁོངས། གནོད་འཚེ་ཐེབས་ཚད། མི་སྣ་ཤི་རྨས(ནད་པ)དང་འབྲེལ་གཏུག་ཆད་པའི་གནས་ཚུལ། འཕེལ་ཕྱོགས། སྤྱད་ཟིན་པའི་བྱེད་ཐབས་སོགས་ཚུད་ཡོད།
(2)ས་གནས་རིམ་པ་ཁག་གི་ཏང་ཨུ་དང་སྲིད་གཞུང་དང་། དེ་བཞིན་འབྲེལ་ཡོད་སྡེ་ཚན་གྱིས་ཐོལ་བྱུང་དོན་རྐྱེན་གྱི་ཆ་འཕྲིན་བསྡུ་ལེན་དང་ཞིབ་བཤེར། ཞིབ་འཇུག་བརྡར་གཅོད་བཅས་བྱ་རྒྱུར་ཤུགས་བསྣན་ནས་གཏན་འབེབས་ལྟར་འབྲེལ་ཡོད་ཕྱོགས་ལ་སྙན་སེང་ཞུ་དགོས་པར་མ་ཟད་བརྡ་ཁྱབ་གཏོང་དགོས།
(3)དོན་རྐྱེན་དེ་ཧ་ཅང་ཚབས་ཆེན་དང་ཚབས་ཆེན་གྱི་ཐོལ་བྱུང་དོན་རྐྱེན་དུ་འགྱུར་སྲིད་ན། འཕྲལ་མར་སྙན་སེང་ཞུ་དགོས་པ་ལས་ཐོལ་བྱུང་དོན་རྐྱེན་གྱི་རིམ་པ་དབྱེ་བའི་ཚད་གཞིའི་ཚོད་འཛིན་མི་ཐེབས།
3.3.2 དང་ལེན་རིམ་པ་དབྱེ་བ།
རྒྱལ་ཁབ་ཀྱིས་ཐོལ་བྱུང་དོན་རྐྱེན་འཕྲལ་སྡོམ་དང་ལེན་བྱེད་པའི་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས། རྒྱལ་ཁབ་རིམ་པའི་འཕྲལ་སྡོམ་དང་ལེན་གྱི་རིམ་པ་ནི་ཐོལ་བྱུང་དོན་རྐྱེན་གྱི་ངོ་བོ་དང་ཁྱད་ཆོས། གནོད་འཚེ་ཐེབས་ཚད། ཤུགས་རྐྱེན་ཐེབས་པའི་ཁྱབ་ཁོངས་སོགས་ཀྱི་རྒྱུ་རྐྱེན་ལ་གཞིགས་ནས་མཐོ་བ་ནས་དམའ་བའི་བར་རིམ་པ་དང་པོ་དང་། རིམ་པ་གཉིས་པ། རིམ་པ་གསུམ་པ། རིམ་པ་བཞི་པ་བཅས་སུ་དབྱེ་ཡོད། ལག་བསྟར་བྱེད་པའི་ཆ་རྐྱེན་དང་གོ་རིམ་ཞིབ་ཕྲ་ནི་རྒྱལ་ཁབ་ཀྱི་འབྲེལ་ཡོད་ཆེད་དོན་འཕྲལ་སྡོམ་སྔོན་ཇུས་དང་སྡེ་ཚན་གྱི་འཕྲལ་སྡོམ་སྔོན་ཇུས་ནང་ཁ་གསལ་བཟོ་དགོས།
ས་གནས་རིམ་པ་ཁག་གི་ཏང་ཨུ་དང་སྲིད་གཞུང་གིས་ས་གནས་དེ་གའི་དོན་དངོས་དང་ཟུང་འབྲེལ་བྱས་ནས། འཕྲལ་སྡོམ་དང་ལེན་ལམ་ལུགས་སྔར་བས་ཞིབ་ཕྲར་གཏོང་བ་དང་། ཐོལ་བྱུང་དོན་རྐྱེན་འཕྲལ་སྡོམ་སྔོན་ཇུས་ནང་འཕྲལ་སྡོམ་དང་ལེན་རིམ་པ་གཏན་འཁེལ་བྱ་དགོས།
ཐོལ་བྱུང་དོན་རྐྱེན་བྱུང་རྗེས། འབྲེལ་ཡོད་ཏང་ཨུ་དང་སྲིད་གཞུང་དང་དེའི་སྡེ་ཚན་གྱིས་འཕྲལ་མར་འཕྲལ་སྡོམ་སྔོན་ཇུས་གཞིར་བཟུང་། འཕྲལ་སྡོམ་དང་ལེན་བྱེད་འགོ་ཚུགས་དགོས་པར་མ་ཟད། འཕེལ་ཕྱོགས་ཀྱི་གནས་ཚུལ་ལ་གཞིགས་ནས་དུས་ཐོག་ཏུ་དང་ལེན་རིམ་པ་ལེགས་སྒྲིག་བྱེད་དགོས། བྱུང་ཚད་ཉུང་བ་དང་། ཉེན་ཁ་ཆེ་བ། རྒྱུན་སྲོལ་ལས་བརྒལ་བའི་ཐལ་དྲགས་པའི་དོན་རྐྱེན་ལ་འཕྲལ་ཐག་ཆོད་པོས་རིམ་པ་མཐོ་རུ་བཏང་ནས་དང་ལེན་བྱས་ཏེ། མགྱོགས་མྱུར་དང་ནུས་ལྡན་ངང་གནས་ཚུལ་འཕེལ་རྒྱས་འགྲོ་བར་ཚོད་འཛིན་བྱེད་པར་ཁག་ཐེག་བྱེད་དགོས།
3.3.3 བཀོད་འདོམས་མཐུན་སྦྱོར།
ཐོལ་བྱུང་དོན་རྐྱེན་འཕྲལ་སྡོམ་བཀོད་འདོམས་བྱེད་པར་ཀྲུང་དབྱང་དང་ས་གནས་ཀྱིས་རིམ་དབྱེ་བཀོད་འདོམས་དང་དཔུང་ཁག་གི་ཆེད་ལས་བཀོད་འདོམས་ཟུང་འབྲེལ་བྱེད་པའི་བཀོད་འདོམས་ལམ་སྲོལ་ལག་བསྟར་བྱེད་དགོས།
ཐོལ་བྱུང་དོན་རྐྱེན་ཧ་ཅང་ཚབས་ཆེ་བའམ་ཡང་ན་ཚབས་ཆེན་དོན་རྐྱེན་བྱུང་བར་ཐོག་མའི་བརྡར་གཅོད་བྱེད་ཚེ། རྩ་དོན་ཐོག་དོན་རྐྱེན་བྱུང་སའི་ཞིང་ཆེན་རིམ་པའི་ཏང་ཨུ་དང་སྲིད་གཞུང་གིས་ཁ་གཏད་གཅོག་པའི་ལས་དོན་སྒྲིག་འཛུགས་དང་བཀོད་འདོམས་བྱེད་དགོས། ཐོལ་བྱུང་དོན་རྐྱེན་ཅུང་ཆེ་བ་དང་སྤྱིར་བཏང་གི་དོན་རྐྱེན་བྱུང་བར་ཐོག་མའི་བརྡར་གཅོད་བྱས་ན། རྩ་དོན་ཐོག་གྲོང་ཁྱེར་རིམ་པ་དང་རྫོང་རིམ་པའི་ཏང་ཨུ་དང་སྲིད་གཞུང་གིས་སོ་སོར་ཁ་གཏད་གཅོག་པའི་ལས་དོན་སྒྲིག་འཛུགས་དང་བཀོད་འདོམས་བྱེད་དགོས། སྲིད་འཛིན་ཁུལ་ལས་བརྒལ་བ་ཡིན་ན། འབྲེལ་ཡོད་སྲིད་འཛིན་ཁུལ་གྱིས་མཉམ་འབྲེལ་ཐོག་ཁ་གཏད་གཅོག་པའམ་ཡང་ན་ཐུན་མོང་གི་རིམ་པ་གོང་མའི་ཏང་ཨུ་དང་སྲིད་གཞུང་གིས་ཁ་གཏད་གཅོག་པའི་ལས་དོན་སྒྲིག་འཛུགས་དང་བཀོད་འདོམས་བྱེད་དགོས། སྲིད་འཛིན་ཁུལ་དེ་གའི་ཁ་གཏད་གཅོག་པའི་ནུས་པ་ལས་བརྒལ་ན། རིམ་པ་གོང་མའི་ཏང་ཨུ་དང་སྲིད་གཞུང་གིས་དང་ལེན་རོགས་སྐྱོར་བྱེད་པའམ་ཡང་ན་ཁ་གཏད་གཅོག་པའི་ལས་དོན་ལ་བཀོད་འདོམས་མཐུན་སྦྱོར་བྱེད་དགོས། དགོས་ངེས་ཀྱི་སྐབས་སུ་རྒྱལ་ཁབ་ཀྱི་འབྲེལ་ཡོད་འཕྲལ་སྡོམ་བཀོད་འདོམས་ལས་ཁུངས་སམ་ཡང་ན་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་བརྒྱུད་རྒྱལ་ཁབ་ཀྱི་ཐོལ་བྱུང་དོན་རྐྱེན་འཕྲལ་སྡོམ་བཀོད་འདོམས་ལས་ཁུངས་གསར་དུ་བཙུགས་ནས། ཁ་གཏད་གཅོག་པའི་ལས་དོན་ལ་གཅིག་གྱུར་གྱིས་བཀོད་འདོམས་དང་མཐུན་སྦྱོར་བྱེད་དགོས།
ཐོལ་བྱུང་དོན་རྐྱེན་ལ་ཁ་གཏད་གཅོག་པའི་ཁྲོད། ཡུལ་དངོས་སུ་བསྐྱོད་པའི་འཕྲལ་སྡོམ་སྟོབས་ཤུགས་དང་། སྒྲིག་ཆས། དངོས་རྫས་སོགས་ཚང་མས་ཡུལ་དངོས་བཀོད་འདོམས་ལས་ཁུངས་ཀྱི་གཅིག་གྱུར་བཀོད་གཏོང་ལ་བརྩི་སྲུང་ཞུ་དགོས་པ་དང་། དེའི་ནང་འབྲེལ་ཡོད་འཕྲལ་སྡོམ་སྟོབས་ཤུགས་ཀྱིས་གཏན་འབེབས་ཀྱི་བཀོད་འདོམས་འབྲེལ་བ་དང་བཀོད་འདོམས་དབང་ཚད་ལྟར་བྱ་སྤྱོད་ལག་བསྟར་བྱས་ཏེ། ཕན་ཚུན་འབྲེལ་མཐུད་དང་གཞོགས་འདེགས་བདེ་བླག་ཡོང་བའི་འགན་ལེན་བྱེད་དགོས།
3.3.4 ཐག་གཅོད་བྱེད་ཐབས།
ཐོལ་བྱུང་དོན་རྐྱེན་བྱུང་རྗེས། འབྲེལ་ཡོད་ས་གནས་ཏང་ཨུ་དང་སྲིད་གཞུང་གིས་མགྱོགས་མྱུར་ངང་སྟོབས་ཤུགས་སྒྲིག་འཛུགས་དང་ཐོན་ཁུངས་བསྡུ་རུབ་བྱས་ཏེ། འབྲེལ་ཡོད་གཏན་འབེབས་དང་གནས་ཚུལ་དངོས་ལ་གཞིགས་ནས། མི་སྣ་འཚོལ་སྐྱོབ་དང་ཉེན་སྐྱོབ་གེགས་སེལ། སྨན་བཅོས་རོགས་སྐྱོབ། ཐར་ཐོར་དུ་སྤོ་སྒྱུར་བྱེད་པ། གནས་སྐབས་བཀོད་སྒྲིག འཕྲལ་སྡོམ་རོགས་སྐྱོབ། ལྟ་ཞིབ་ཚད་ལེན་དང་ཞིབ་དཔྱད་བརྡར་གཅོད། གྱོང་གུན་ཚོད་དཔག བཀག་སྡོམ་ཚོད་འཛིན། སྒྲིག་ལམ་སྲུང་སྐྱོབ། འཕྲལ་སྡོམ་འགན་སྲུང་སོགས་ཐག་གཅོད་ལས་དོན་སྤེལ་བ་དང་། ཐོལ་བྱུང་དོན་རྐྱེན་གྱིས་བཟོ་སྲིད་པའི་སྤྱི་ཚོགས་གནོད་འཚེའི་ངོ་བོ་དང་། ཚད་གཞི། ཁྱབ་ཁོངས་བཅས་དང་འཚམ་པའི་བྱེད་ཐབས་སྤྱོད་དགོས་པར་མ་ཟད། ཞར་བྱུང་དོན་རྐྱེན་འབྱུང་བར་སྔོན་འགོག་བྱེད་དགོས། དགོས་ངེས་ཀྱི་སྐབས་སུ་སྡེ་ཚན་དང་མི་སྒེར་གྱི་རྒྱུ་ནོར་ཁྲིམས་ལྟར་བསྡུ་ལེན་དང་བསྡུ་སྤྱོད་བྱས་ཏེ། འཕྲལ་སྡོམ་དངོས་རྫས་སུ་བརྩིས་ཆོག ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གིས་རོགས་སྐྱོར་དང་རྒྱབ་སྐྱོར་བྱ་དགོས། འབྲེལ་ཡོད་ཐག་གཅོད་བྱེད་ཐབས་ཞིབ་ཕྲ་དེ་འབྲེལ་ཡོད་འཕྲལ་སྡོམ་སྔོན་ཇུས་ནང་སྔར་བས་ཁ་གསལ་བཟོ་དགོས།
རྒྱལ་ཁབ་རིམ་པས་ཁ་གཏད་གཅོག་དགོས་སྐབས། རྒྱལ་ཁབ་ཀྱི་ཐོལ་བྱུང་དོན་རྐྱེན་འཕྲལ་སྡོམ་བཀོད་འདོམས་ལས་ཁུངས་ཀྱིས་གཙོ་བོ་གཤམ་གསལ་གྱི་བྱེད་ཐབས་སྤྱོད་དགོས་པ་སྟེ།
(1)འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་གི་འགན་འཁུར་བ་དང་། སྨན་བཅོས་ཆེད་མཁས་པ། འཕྲལ་སྡོམ་དཔུང་ཁག་བཅས་འཕྲལ་སྡོམ་ཐག་གཅོད་དང་རོགས་སྐྱོབ་ནང་ཞུགས་རྒྱུའི་སྒྲིག་འཛུགས་དང་མཐུན་སྦྱོར་བྱེད་པ།
(2)འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་ལ་འཕྲལ་སྡོམ་འགན་སྲུང་འདོན་སྤྲོད་བྱེད་པར་མཐུན་སྦྱོར་བྱེད་དགོས་པ་དང་། དེའི་ནང་དོན་རྐྱེན་བྱུང་སའི་ཀྲུང་དབྱང་སྡེ་ཚན་དང་ས་གནས་ཏང་ཨུ་དང་སྲིད་གཞུང་བར་གྱི་འབྲེལ་བ་མཐུན་སྦྱོར་བྱེད་པ་དང་། ཕྱོགས་སོ་སོའི་འཕྲལ་སྡོམ་ཐོན་ཁུངས་བཀོད་གཏོང་བྱེད་པ་སོགས་ཚུད་ཡོད།
(3)ས་གནས་ཏང་ཨུ་དང་སྲིད་གཞུང་གིས་བཏོན་པའི་རེ་འདུན་ལས་དོན་དག་གལ་ཆེན་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་སྙན་སེང་ཞུས་ནས་ཇུས་ཐག་གཅོད་པ།
(4)དུས་ཐོག་ཏུ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་འཕྲལ་སྡོམ་ཐག་གཅོད་དང་རོགས་སྐྱོབ་ལས་དོན་གྱི་འཕེལ་རིམ་གནས་ཚུལ་སྙན་སེང་ཞུ་བ།
(5)དོན་དག་གལ་ཆེན་གཞན་དག་ཞིབ་འཇུག་དང་ཐག་གཅོད་བྱེད་པ།
3.3.5 ཆ་འཕྲིན་ཁྱབ་བསྒྲགས་དང་གླེང་ཕྱོགས་ཁྲིད་སྟོན།
རྒྱལ་ཁབ་ཀྱིས་ཐོལ་བྱུང་དོན་རྐྱེན་གྱི་ཆ་འཕྲིན་ཁྱབ་བསྒྲགས་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས། ཐོལ་བྱུང་དོན་རྐྱེན་བྱུང་རྗེས། འབྲེལ་ཡོད་ས་གནས་ཏང་ཨུ་དང་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་གྱིས་གཏན་འབེབས་ལྟར་དུས་ཐོག་ཏུ་སྤྱི་ཚོགས་ལ་ཐོལ་བྱུང་དོན་རྐྱེན་གྱི་ཆ་འཕྲིན་མདོར་བསྡུས་ཁྱབ་བསྒྲགས་བྱེད་དགོས་པ་དང་། དེ་རྗེས་ཞིབ་དཔྱད་རགས་ཙམ་བྱས་པའི་གནས་ཚུལ་དང་། ཁ་གཏད་གཅོག་ཐབས་སྤྱད་ཟིན་པ་སོགས་ཁྱབ་བསྒྲགས་བྱེད་དགོས་པར་མ་ཟད། དོན་རྐྱེན་ཐག་གཅོད་བྱས་ཚུལ་ལ་གཞིགས་ནས་རྗེས་མཐུད་ཁྱབ་བསྒྲགས་ལས་དོན་ཡག་པོར་བསྒྲུབ་དགོས།
ཧ་ཅང་ཚབས་ཆེ་བ་དང་ཚབས་ཆེ་བའི་ཐོལ་བྱུང་དོན་རྐྱེན་བྱུང་ནས་མི་སྣ་ཤི་རྨས་ཚབས་ཆེན་བྱུང་བའམ་ཡང་ན་སྤྱི་ཚོགས་ལ་ཤུགས་རྐྱེན་ཅུང་ཆེན་པོ་ཐེབས་རྗེས། ཞིང་ཆེན་རིམ་པའི་ཏང་ཨུ་དང་སྲིད་གཞུང་ངམ་ཡང་ན་སྣེ་ཁྲིད་ནས་ཐག་གཅོད་བྱེད་འགན་འཁུར་མཁན་གྱི་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གིས་ཆ་འཕྲིན་ཁྱབ་བསྒྲགས་བྱེད་དགོས། རྒྱལ་ཁབ་རིམ་པས་ཁ་གཏད་གཅོག་སྐབས་རྒྱལ་ཁབ་ཀྱི་ཐོལ་བྱུང་དོན་རྐྱེན་འཕྲལ་སྡོམ་བཀོད་འདོམས་ལས་ཁུངས་སམ་ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡི་སྣེ་ཁྲིད་ཐག་གཅོད་བྱེད་འགན་འཁུར་མཁན་གྱི་སྡེ་ཚན་དང་མཉམ་དུ་གཅིག་གྱུར་གྱིས་རྩ་འཛུགས་བྱས་ནས་ཆ་འཕྲིན་ཁྱབ་བསྒྲགས་བྱེད་དགོས། སྤྱིར་བཏང་གི་གནས་ཚུལ་འོག་འབྲེལ་ཡོད་ཕྱོགས་ཀྱིས་ཆུ་ཚོད24ནང་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐོག་མ་འཚོགས་དགོས།
གླེང་ཕྱོགས་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་སྟེ། གཏན་འབེབས་ལྟར་དུས་ཐོག་དང་ཡང་དག་པ། ཕྱི་རོལ་ཡུལ་དང་མཐུན་པ། ཕྱོགས་ཡོངས་བཅས་ཀྱིས་ཆ་འཕྲིན་ཁྱབ་བསྒྲགས་བྱེད་པ་དང་། ཆ་འཕྲིན་རྫུན་མའམ་ཆ་ཚང་མིན་པ་དུས་ཐོག་ཏུ་གསལ་པོ་བཟོ་དགོས།
3.3.6 འཕྲལ་སྡོམ་མཇུག་སྒྲིལ་བ།
ཐོལ་བྱུང་དོན་རྐྱེན་གྱི་འཕྲལ་སྡོམ་ཐག་གཅོད་ལས་དོན་མཇུག་སྒྲིལ་བའམ་ཡང་ན་འབྲེལ་ཡོད་ཀྱི་འཇིགས་སྐུལ་དང་གནོད་འཚེ་ཚོད་འཛིན་དང་མེད་པར་བཟོས་རྗེས། "སུས་ལག་བསྟར་བྱས་ན་སུས་མཚམས་འཇོག་པའི"རྩ་དོན་ལྟར། འབྲེལ་ཡོད་ཏང་ཨུ་དང་སྲིད་གཞུང་ངམ་ཡང་ན་འབྲེལ་ཡོད་འཕྲལ་སྡོམ་བཀོད་འདོམས་ལས་ཁུངས་དང་སྡེ་ཁག་གིས་འཕྲལ་སྡོམ་མཇུག་སྒྲིལ་བའི་ཁྱབ་བསྒྲགས་བྱེད་པ་དང་། ཡུལ་དངོས་འཕྲལ་སྡོམ་བཀོད་འདོམས་ལས་ཁུངས་བཙུགས་པ་རྣམས་དུས་ཐོག་ཏུ་མེད་པར་བཟོ་དགོས། དུས་མཚུངས་སུ་དགོས་ངེས་ཀྱི་བྱེད་ཐབས་སྤྱད་ནས་རྗེས་བྱུང་དང་ཞར་བྱུང་དོན་རྐྱེན་ནམ་ཡང་ན་ཐོལ་བྱུང་དོན་རྐྱེན་བསྐྱར་དུ་འབྱུང་བར་སྔོན་འགོག་བྱ་དགོས།
3.4 སླར་གསོ་དང་བསྐྱར་སྐྲུན།
3.4.1 གནོད་ཕྱིའི་ཐག་གཅོད།
ས་གནས་ཀྱི་འབྲེལ་ཡོད་ཏང་ཨུ་དང་སྲིད་གཞུང་གིས་རོགས་སྐྱོབ་དང་ཁ་གསབ། སེམས་གསོ། གཟིགས་སྐྱོང་། བཀོད་སྒྲིག སྐྱིན་ཚབ་སོགས་ཀྱི་ལས་ཀ་སྒྲིག་འཛུགས་ལེགས་པར་བྱས་ཏེ། ཐོལ་བྱུང་དོན་རྐྱེན་གྱི་ཤུགས་རྐྱེན་ཐེབས་པའི་མང་ཚོགས་ལ་སེམས་ཁམས་རོགས་སྐྱོར་དང་བཅའ་ཁྲིམས་ཞབས་ཞུ་འདོན་སྤྲོད་བྱས་ཏེ། རིམས་ནད་འགོག་བཅོས་དང་ཁོར་ཡུག་སྦགས་བཙོག་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། བསྡུ་སྤྱོད་བྱས་པའི་རྒྱུ་ནོར་ཕྱིར་སྤྲོད་བྱས་ཆོག་པའི་ཆ་ཤས་དུས་ཐོག་ཏུ་ཕྱིར་སྤྲོད་བྱེད་པ་དང་། རྒྱུ་ནོར་བསྡུ་སྤྱོད་དང་བསྡུ་སྤྱོད་བྱས་པའམ་ཡང་ན་བསྡུ་སྤྱོད་བྱས་རྗེས་གཏོར་བརླག་དང་བོར་བརླག་བྱུང་ན་གཏན་འབེབས་ལྟར་ཁ་གསབ་སྤྲོད་དགོས། འབྲེལ་ཡོད་སྡེ་ཚན་གྱིས་དུས་ཐོག་ཏུ་མྱུར་དུ་རོགས་སྐྱོབ་མ་དངུལ་དང་དངོས་ཟོག་ཞིབ་དཔྱད་གཏོང་སྤྲོད་བྱ་དགོས།
3.4.2 བརྟག་དཔྱད་དང་དཔྱད་དཔོག
འབྲེལ་ཡོད་ས་གནས་ཏང་ཨུ་དང་སྲིད་གཞུང་གིས་དུས་ཐོག་ཏུ་ཐོལ་བྱུང་དོན་རྐྱེན་གྱིས་བཟོས་པའི་ཤུགས་རྐྱེན་དང་གྱོང་གུན་ལ་བརྟག་དཔྱད་དང་དཔྱད་དཔོག་སྒྲིག་འཛུགས་བྱེད་དགོས་པར་མ་ཟད། འབྲེལ་ཡོད་དཔྱད་གཞི་བསྡུ་རུབ་དང་། ལེགས་སྒྲིག ཡིག་ཚགས་ཀྱི་ཁོངས་སུ་འཇུག་པ་བཅས་ཀྱི་ལས་དོན་ཡག་པོར་བསྒྲུབ་དགོས། དེའི་ནང་ཐོལ་བྱུང་དོན་རྐྱེན་ཧ་ཅང་ཚབས་ཆེན་ཡིན་ན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བརྟག་དཔྱད་ཚོ་ཆུང་མངགས་པའམ་ཡང་ན་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་འབྲེལ་ཡོད་སྡེ་ཚན་ལ་སྣེ་ཁྲིད་སྒྲིག་འཛུགས་བྱ་རྒྱུའི་དབང་ཆ་སྤྲད་ནས་འབྲེལ་ཡོད་ས་གནས་དང་མཉམ་དུ་དོན་རྐྱེན་གྱི་འབྱུང་རྐྱེན་དང་། བརྒྱུད་རིམ། ངོ་བོ། ཤུགས་རྐྱེན། གྱོང་གུན། འགན་འཁྲི་སོགས་རྩད་གཅོད་དང་། ཉམས་མྱོང་བསླབ་བྱ་ཕྱོགས་སྡོམ། ཁ་གཏད་གཅོག་པའི་ལས་དོན་ལ་བསྐྱར་བཤེར་དཔྱད་དཔོག་བྱེད་དགོས་པ་དང་། ལེགས་བཅོས་བྱེད་ཐབས་ཀྱི་གྲོས་གཞི་བཏོན་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་སྙན་སེང་ཞུ་དགོས་པར་མ་ཟད། འབྲེལ་ཡོད་གཏན་འབེབས་ལྟར་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱ་དགོས། འབྲེལ་ཡོད་སྡོམ་ཚིག་དེ་གནོད་འཚེ་རོགས་སྐྱོབ་དང་། གནོད་འཚེ་སྐྱིན་ཚབ། སླར་གསོ་བསྐྱར་སྐྲུན། འགན་འཁྲི་རྩད་གཅོད་བཅས་ཀྱི་གཞི་འཛིན་སར་བརྩི་དགོས།
ས་གནས་རིམ་པ་ཁག་གི་ཏང་ཨུ་དང་སྲིད་གཞུང་གིས་སྲིད་འཛིན་ས་ཁོངས་དེ་གའི་ལོ་འཁོར་གོང་མའི་ནང་བྱུང་བའི་ཐོལ་བྱུང་དོན་རྐྱེན་ལ་ཕྱོགས་བསྡོམས་དང་དཔྱད་དཔོག་སྒྲིག་འཛུགས་བྱ་དགོས།
3.4.3 སླར་གསོ་བསྐྱར་སྐྲུན།
སླར་གསོ་བསྐྱར་སྐྲུན་ལས་དོན་ལ་ཀྲུང་དབྱང་གིས་གཅིག་གྱུར་གྱིས་མཛུབ་ཁྲིད་བྱེད་པ་དང་། ས་གནས་ཀྱིས་གཙོ་གཞིའི་འགན་ཁུར་བ། སྤྱི་ཚོགས་ཡོངས་རྒྱ་ཁྱབ་ཏུ་ཞུགས་པ་བཅས་མཐའ་འཁྱོངས་བྱེད་པ་དང་། རྩ་དོན་ཐོག་འབྲེལ་ཡོད་ས་གནས་སྲིད་གཞུང་གིས་འགན་འཁུར་དགོས། རྒྱལ་ཁབ་ཀྱིས་རོགས་སྐྱོར་བྱེད་པའམ་ཡང་ན་གཅིག་གྱུར་མཐུན་སྦྱོར་བྱེད་དགོས་ན། དོན་རྐྱེན་བྱུང་་སའི་ཞིང་ཆེན་རིམ་པའི་སྲིད་གཞུང་གིས་རེ་འདུན་འདོན་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཚན་གྱིས་བརྟག་དཔྱད་དཔྱད་དཔོག་སྙན་ཞུ་དང་གནོད་འཚེ་ཕོག་པའི་ས་ཁུལ་གྱི་སླར་གསོ་བསྐྱར་སྐྲུན་གྱི་འཆར་འགོད་གཞིར་བཟུང་ནས་ཐག་གཅོད་གྲོས་གཞིའམ་བསམ་འཆར་བཏོན་ཏེ། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་སྤྲད་རྗེས་སྒྲིག་འཛུགས་ལག་བསྟར་བྱ་དགོས།
4 འཕྲལ་སྡོམ་འགན་སྲུང་།
4.1མི་ཤུགས་ཐོན་ཁུངས།
(1)རྒྱལ་ཁབ་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་མེ་གསོད་རོགས་སྐྱོབ་དཔུང་ཁག་ནི་འཕྲལ་སྡོམ་རོགས་སྐྱོབ་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་རྒྱུན་གྲབས་རྐང་འཛིན་སྟོབས་ཤུགས་ཡིན་པས། སྟོབས་ཤུགས་མ་ལག་འཛུགས་སྐྱོང་དོ་དམ་ལ་ཤུགས་སྣོན་རྒྱག་དགོས། དྲིལ་བསྒྲགས་དང་དྲ་འཕྲིན། བཟོ་ལས་དང་ཆ་འཕྲིན་ཅན། སྤྱི་བདེ། རང་བྱུང་ཐོན་ཁུངས། སྐྱེ་ཁམས་ཁོར་ཡུག སྡོད་ཁང་དང་ཞང་གྲོང་འཛུགས་སྐྲུན། འགྲིམ་འགྲུལ་སྐྱེལ་འདྲེན། ཆུ་བེད། ཞིང་ལས་ཞིང་སྡེ། རིག་གནས་ཡུལ་སྐོར། འཕྲོད་བསྟེན་བདེ་ཐང་། འཕྲལ་སྡོམ་དོ་དམ། སྐད་ཡིག་ཡི་གེ ནུས་རྒྱུ། རྒྱལ་སྲུང་ཚན་རྩལ། གནས་སྤོར་ཡུལ་མི། ནགས་རྩྭ། ལྕགས་ལམ། དམངས་སྤྱོད་མཁའ་འགྲུལ། ཀྲུང་ལུགས་གསོ་རིག ནད་འགོག་ཚོད་འཛིན། མི་དམངས་མཁའ་འགོག རྒྱ་གྲམ་དམར་པོ་སོགས་སྡེ་ཁག་དང་སྡེ་ཚན་གྱིས་འགན་འཁྲིའི་ལས་བགོས་དང་དགོས་མཁོ་དངོས་ལ་གཞིགས་ནས། ད་ཡོད་ཐོན་ཁུངས་ལ་བརྟེན་ནས་ལས་རིགས་དེའི་ཁྱབ་ཁོངས་ཀྱི་ཆེད་ལས་འཕྲལ་སྡོམ་སྟོབས་ཤུགས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། རྒྱལ་ཁབ་ས་ཁོངས་ཀྱི་འཕྲལ་སྡོམ་སྟོབས་ཤུགས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས།
(2)ཁྲིམས་ལྟར་དམག་དཔུང་གི་འཕྲལ་སྡོམ་ཆེད་ལས་སྟོབས་ཤུགས་རྒྱལ་ཁབ་ཀྱི་འཕྲལ་སྡོམ་སྟོབས་ཤུགས་མ་ལག་ནང་བཅུག་སྟེ། འཕྲལ་སྡོམ་ཐག་གཅོད་དང་རོགས་སྐྱོབ་ཀྱི་འཕྲལ་རྒོལ་སྟོབས་ཤུགས་སུ་བརྩིས་ནས། དམིགས་གཏད་རང་བཞིན་གྱི་སྦྱོང་བརྡར་དང་འཁྲབ་སྦྱོང་ལ་ཤུགས་སྣོན་རྒྱག་དགོས།
(3)ཞང་གྲོང(སྲང་ལམ)དང་། གསར་སྤེལ་ཁུལ། བཟོ་ལས་གླིང་ཁུལ། གྲུ་ཁ། མཛེས་ལྗོངས་ཁུལ་སོགས་དང་དེ་བཞིན་ཆ་རྐྱེན་ཡོད་པའི་གྲོང་ཚོས(སྡེ་ཁུལ)ཁེར་རྐྱང་དུ་འཛུགས་པའམ་ཡང་ན་འབྲེལ་ཡོད་སྡེ་ཚན་དང་སྤྱི་ཚོགས་རྩ་འཛུགས་དང་མཉམ་དུ་གཞི་རིམ་གྱི་འཕྲལ་སྡོམ་རོགས་སྐྱོབ་དཔུང་ཁག་བཙུགས་ནས། དམངས་འགོག་དམངས་བཅོས་ཀྱི་སྟོབས་ཤུགས་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བ་དང་། སྔོན་ལ་ཐག་གཅོད་བྱེད་པའི་ནུས་པ་ནུས་ལྡན་ངང་འདོན་སྤེལ་བྱ་དགོས།
(4)ས་གནས་ཁག་གི་འབྲེལ་ཡོད་སྡེ་ཁག་སོ་སོས་འབྲེལ་ཡོད་སྲིད་ཇུས་དང་བྱེད་ཐབས་འཐུས་ཚང་དུ་གཏོང་བ་དང་། སྤྱི་ཚོགས་ཀྱི་འཕྲལ་སྡོམ་སྟོབས་ཤུགས་འཕེལ་རྒྱས་གཏོང་རྒྱུར་སྐུལ་ལྕག་དང་རྒྱབ་སྐྱོར། སྐུལ་འདེད་གཏོང་དགོས་ལ། འཕྲལ་སྡོམ་རོགས་སྐྱོབ་བྱ་ཡུལ་དུ་ཞུགས་པའི་མཐུན་སྦྱོར་ལམ་སྲོལ་འཐུས་ཚང་དུ་བཏང་ནས། ཚད་ལྡན་དང་གོ་རིམ་ལྡན་པའི་སྒོ་ནས་འཕྲལ་སྡོམ་ཐག་གཅོད་དང་རོགས་སྐྱོབ་བྱ་སྤྱོད་ནང་ཞུགས་རྒྱུར་ཁྲིད་སྟོན་བྱ་དགོས།
འཕྲལ་སྡོམ་དཔུང་ཁག་སོ་སོའི་དབར་གྱི་རོགས་ལས་གཞོགས་འདེགས་ལམ་སྲོལ་འཐུས་ཚང་དུ་བཏང་ནས་མཉམ་སྦྱོང་དང་མཉམ་སྒྲུབ། མཉམ་སྟོན་དང་། འབྲེལ་ཡོད་སྒྲིག་ཆས་དང་ཡོ་ཆས། དངོས་རྫས། སྦྱོང་བརྡར་སྒྲིག་བཀོད་སོགས་མཉམ་སྤྱོད་དང་མཉམ་བཀོལ་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། བདེ་འཇགས་འགོག་སྲུང་ཡག་པོ་བྱས་ནས་སྤྱི་ཡོངས་ཀྱི་མཉམ་སྡེབ་སྟོབས་ཤུགས་ཆགས་པར་བྱེད་དགོས། འཕྲལ་སྡོམ་དཔུང་ཁག་གི་རྒྱལ་སྤྱིའི་སྤེལ་རེས་དང་མཉམ་ལས་གཏིང་ཟབ་ཏུ་གཏོང་དགོས།
4.2 ནོར་ཤུགས་ཀྱི་རྒྱབ་སྐྱོར།
(1)ཐོལ་བྱུང་དོན་རྐྱེན་སྔོན་འགོག་དང་ཁ་གཏད་གཅོག་པར་མཁོ་བའི་ནོར་སྲིད་གྲོན་དངུལ་དེ་ནོར་སྲིད་ཀྱི་ལས་དོན་དབང་ཆ་དང་གཏོང་སྒོའི་འགན་འཁྲི་ལྟར་དབྱེ་འབྱེད་དང་། རིམ་པ་དབྱེ་ནས་འགན་འཁུར་དགོས། ས་གནས་སྲིད་གཞུང་རིམ་པ་ཁག་གིས་ཐོལ་བྱུང་དོན་རྐྱེན་སྔོན་འགོག་དང་ཁ་གཏད་གཅོག་པའི་ལས་དོན་ལ་མཁོ་བའི་གྲོན་དངུལ་རིམ་པ་དེ་གའི་སྔོན་རྩིས་ནང་འཇུག་དགོས་པ་དང་། ནོར་སྲིད་དང་རྩིས་བཤེར་སྡེ་ཚན་གྱིས་ཐོལ་བྱུང་དོན་རྐྱེན་གྱི་ནོར་སྲིད་ཀྱི་འཕྲལ་སྡོམ་འགན་སྲུང་མ་དངུལ་བེད་སྤྱོད་དང་ཕན་འབྲས་ལ་ལྟ་སྐུལ་དང་དཔྱད་དཔོག་བྱ་དགོས།
(2)ཚོང་ལས་འགན་བཅོལ་གྱི་ནུས་པ་འདོན་སྤེལ་ཧུར་ཐག་དང་། འགན་བཅོལ་མ་ལག་འཐུས་ཚང་དུ་གཏོང་བ། གནོད་འཚེ་ཆེན་པོའི་འགན་བཅོལ་འཕེལ་རྒྱས་གཏོང་དགོས་པ་དང་། ཞིང་སྡེའི་སྡོད་ཁང་འགན་བཅོལ་དང་དམངས་འཚོ་འགན་སྲུང་རིགས་ཀྱི་འབྲེལ་ཡོད་འགན་བཅོལ་དང་དེ་བཞིན་བདེ་འཇགས་ཐོན་སྐྱེད་དང་། ཁོར་ཡུག་སྦགས་བཙོག ཟས་རིགས་བདེ་འཇགས་འགན་འཁྲིའི་འགན་བཅོལ་སོགས་ཁྱབ་སྤེལ་གཏོང་བ་དང་། སྡེ་ཚན་དང་སྤྱི་དམངས་འགན་བཅོལ་ནང་ཞུགས་རྒྱུར་སྐུལ་ལྕག་བྱ་དགོས། ས་གནས་ཁག་གི་འབྲེལ་ཡོད་སྡེ་ཁག་དང་སྡེ་ཚན་སོ་སོས་འཕྲལ་སྡོམ་རོགས་སྐྱོབ་དང་འགོས་ནད་སྔོན་འགོག་ཚོད་འཛིན་སོགས་ཀྱི་ནང་ཞུགས་པའི་མི་སྣར་བསམ་ཡུལ་ལས་འདས་པའི་མི་ལུས་རྨས་སྐྱོན་སོགས་ཀྱི་འགན་བཅོལ་ཉོ་དགོས་པ་མ་ཟད། དགོས་ངེས་ཀྱི་འགོག་སྲུང་སྒྲིག་ཆས་དང་ཡོ་བྱད་སྒྲིག་སྦྱོར་བྱས་ནས་བདེ་འཇགས་ཉེན་ཁ་ཉུང་དུ་གཏོང་དགོས།
(3)སྤྱི་དམངས་དང་ཁྲིམས་མི། རྩ་འཛུགས་གཞན་དག་བཅས་ཀྱིས་ཞལ་འདེབས་དང་རོགས་སྐྱོར་བྱ་རྒྱུར་སྐུལ་མ་གཏོང་དགོས་པ་དང་། འབྲེལ་ཡོད་སྡེ་ཚན་དང་ལས་ཁུངས་ཀྱིས་ཞལ་འདེབས་མ་དངུལ་དང་དངོས་རྫས་བགོ་བཤའ་དང་བེད་སྤྱོད་བྱེད་པའི་དོ་དམ་ལ་ཤུགས་སྣོན་རྒྱག་དགོས།
4.3དངོས་ཟོག་འགན་སྲུང་།
(1)འཕྲལ་སྡོམ་དོ་དམ་པུའུ་ཡིས་རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་དང་། བཟོ་ལས་དང་ཆ་འཕྲིན་ཅན་པུའུ། སྤྱི་བདེ་པུའུ། ནོར་སྲིད་པུའུ། རང་བྱུང་ཐོན་ཁུངས་པུའུ། སྐྱེ་ཁམས་ཁོར་ཡུག་པུའུ། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ། ཚོང་དོན་པུའུ། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན། རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱུ་ནོར་ལྟ་སྐུལ་ཨུ་ལྷན། ཚོང་རའི་ལྟ་སྐུལ་སྤྱི་ཁྱབ་ཅུས། རྒྱལ་ཁབ་འབྲུ་རིགས་དང་གྲབས་གསོག་ཅུས། རྒྱལ་ཁབ་ནགས་ཚལ་རྩྭ་ས་ཅུས། རྒྱལ་ཁབ་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་སོགས་དང་མཉམ་དུ་འཕྲལ་སྡོམ་དངོས་རྫས་འགན་སྲུང་མ་ལག་འཛུགས་པ་དང་། འཕྲལ་སྡོམ་དངོས་རྫས་གསོག་འཇོག་དང་། སྤྱི་ཚོགས་ཀྱི་གསོག་འཇོག ཐོན་སྐྱེད་ནུས་ཤུགས་གསོག་འཇོག་བཅས་འཐུས་ཚང་དུ་གཏོང་བ། གསོག་འཇོག་འཆར་འགོད་དང་ཚད་གཞི་བཟོ་བ། འཕྲལ་སྡོམ་དངོས་རྫས་གལ་ཆེན་གྱི་དཀར་ཆག་བཟོ་བ། དངོས་རྫས་སྣ་ཁ་དང་གསོག་འཇོག་བཀོད་སྒྲིག་ཇེ་ལེགས་སུ་གཏོང་བ། དངོས་རྫས་ཛ་དྲག་སྡེབ་སྐྱེལ་མ་ལག་འཐུས་ཚང་དུ་གཏོང་དགོས་པ་དང་། རྒྱལ་ཁབ་ཀྱི་དངོས་རྫས་གལ་ཆེན་ལ་ལྟ་ཞིབ་ཚད་ལེན་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་དུས་ཡུན་ཐུང་ངུའི་ནང་འབྱུང་སྲིད་པའི་དངོས་རྫས་མཁོ་སྤྲོད་དཀོན་པའི་ཐད་གཅིག་སྡུད་ཐོན་སྐྱེད་བཀོད་གཏོང་ལམ་སྲོལ་དང་གནས་སྐབས་ཀྱི་རིན་གོང་ཐེ་གཏོགས་ལམ་སྲོལ་འཛུགས་དགོས། འཕྲལ་སྡོམ་དངོས་ཟོག་ཁ་གསབ་གསར་སྒྱུར་བྱེད་པའི་འབྲེལ་ཡོད་ལས་ཀའི་ལམ་སྲོལ་དང་འཕྲལ་སྡོམ་སྔོན་ཇུས་འཐུས་ཚང་དུ་བཏང་ནས། འཕྲལ་སྡོམ་དངོས་ཟོག་དང་ལྷག་པར་དུ་འཚོ་བའི་དགོས་མཁོའི་དངོས་རྫས་དང་སྨན་རྫས་སོགས་དུས་ཐོག་ཏུ་མཁོ་སྤྲོད་བྱ་རྒྱུའི་ཁག་ཐེག་བྱ་དགོས།
(2)ས་གནས་སྲིད་གཞུང་རིམ་པ་ཁག་གིས་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་སོགས་ཀྱི་གཏན་འབེབས་གཞིར་བཟུང་། འཕྲལ་སྡོམ་ཉེན་གཡོལ་བྱ་ཡུལ་འཆར་འགོད་འཛུགས་སྐྲུན་དང་དོ་དམ་བྱེད་པ་དང་། དངོས་ཟོག་གསོག་འཇོག་དང་འགན་སྲུང་ལས་དོན་ཡག་པོ་བསྒྲུབ་དགོས། སྤྱི་དམངས་དང་ཁྲིམས་མི། རྩ་འཛུགས་གཞན་དག་བཅས་ཀྱིས་གཞི་རྩའི་འཕྲལ་སྡོམ་རང་སྐྱོབ་དངོས་རྫས་དང་འཚོ་བའི་དགོས་མཁོའི་དངོས་རྫས་གསོག་འཇོག་བྱ་རྒྱུར་སྐུལ་མ་གཏོང་དགོས།
4.4འགྲིམ་འགྲུལ་སྐྱེལ་འདྲེན་དང་འཕྲིན་གཏོང་གློག་ཤུགས་འགན་སྲུང་།
(1)ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་འཕྲལ་སྡོམ་འགན་སྲུང་མ་ལག་འཐུས་ཚང་དུ་གཏོང་དགོས། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་དང་། རྒྱལ་ཁབ་ལྕགས་ལམ་ཅུས། ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་ཅུས། རྒྱལ་ཁབ་སྦྲག་སྲིད་ཅུས། ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སི་སོགས་འབྲེལ་ཡོད་སྡེ་ཚན་དང་ལས་ཁུངས་ཀྱིས་ཛ་དྲག་གནས་ཚུལ་འོག་འཕྲལ་སྡོམ་འགྲིམ་འགྲུལ་ཡོ་བྱད་སྔོན་ལ་བཀོད་སྒྲིག་དང་། སྔོན་ལ་བཀོད་གཏོང་། སྔོན་ལ་གཏོང་བ་བཅས་ལ་འགན་ལེན་བྱེད་དགོས་པ་དང་། ལྷག་པར་དུ་མྱུར་བགྲོད་ལྕགས་ལམ་དང་མཁའ་འགྲུལ་གྱི་ལེགས་ཆ་འདོན་སྤེལ་བྱས་ནས། འཕྲལ་སྡོམ་སྟོབས་ཤུགས་དང་དངོས་རྫས། སྒྲིག་ཆས་སོགས་མགྱོགས་མྱུར་ངང་སྐྱེལ་འདྲེན་བྱེད་པའི་མ་ལག་བསྐྲུན་ནས། སྐྱེལ་འདྲེན་བདེ་འཇགས་དང་མགྱོགས་མྱུར་ངང་ཤར་བགྲོད་ཐུབ་པའི་འགན་ལེན་བྱེད་དགོས། ཞིང་ཆེན་རིམ་པའི་སྲིད་གཞུང་གིས་ཁྲིམས་ལྟར་ཛ་དྲག་གི་གནས་ཚུལ་འོག་སྤྱི་ཚོགས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་ཡོ་བྱད་བསྡུ་སྤྱོད་བྱེད་པའི་གོ་རིམ་བཙུགས་ནས། ཉེན་སྐྱོབ་གེགས་སེལ་མི་སྣ་དང་དངོས་ཟོག་དུས་ཐོག་བདེ་འཇགས་ངང་སྐྱེལ་ཐུབ་པའི་འགན་ལེན་བྱ་དགོས།
འཕྲལ་སྡོམ་ཐག་གཅོད་ཀྱི་དགོས་མཁོར་གཞིགས་ནས། སྤྱི་བདེ་དང་འགྲིམ་འགྲུལ་སྐྱེལ་འདྲེན་སོགས་སྡེ་ཚན་གྱིས་གཏན་འབེབས་ལྟར། ཡུལ་དངོས་དང་འབྲེལ་ཡོད་བགྲོད་ལམ་ལ་འགྲིམ་འགྲུལ་དོ་དམ་ལག་བསྟར་བྱས་ནས། སྐྱེལ་འདྲེན་ནུས་ཤུགས་བཀོལ་སྤྱོད་བཀོད་སྒྲིག་དང་འཕྲལ་སྡོམ་ལྗང་མདོག་བགྲོད་ལམ་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ། འཕྲལ་སྡོམ་དངོས་ཟོག་དང་རོགས་སྐྱོབ་སྟོབས་ཤུགས་མགྱོགས་མྱུར་ངང་སྐྱེལ་འདྲེན་བྱེད་པའི་ནུས་པ་ཆེ་རུ་གཏོང་དགོས།
(2)བཟོ་ལས་དང་ཆ་འཕྲིན་ཅན་པུའུ་དང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཅུས་སོགས་འབྲེལ་ཡོད་སྡེ་ཚན་གྱིས་འཕྲལ་སྡོམ་འཕྲིན་གཏོང་དྲ་རྒྱ་དང་འཕྲལ་སྡོམ་རླུང་འཕྲིན་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས་པ་དང་། སྤྱི་དམངས་ཀྱི་འཕྲིན་གཏོང་དྲ་རྒྱའི་གནོད་སྐྱོན་གཏོར་བཤིག་འགོག་པའི་ནུས་པ་དང་འཕྲལ་སྡོམ་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ། འཕྲལ་སྡོམ་བཀོད་འདོམས་འཕྲིན་གཏོང་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། ཐལ་དྲགས་པའི་ཆ་རྐྱེན་འོག་ཡུལ་དངོས་འཕྲལ་སྡོམ་འཕྲིན་གཏོང་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་དགོས།
(3)རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་དང་། རྒྱལ་ཁབ་ནུས་ཁུངས་ཅུས། རྒྱལ་ཁབ་གློག་དྲ་ཚད་ཡོད་ཀུང་སི་སོགས་འབྲེལ་ཡོད་སྡེ་ཚན་དང་ལས་ཁུངས་ཀྱིས་གློག་ཤུགས་འཕྲལ་སྡོམ་འགན་སྲུང་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་། གློག་ཤུགས་བདེ་འཇགས་འཁོར་སྐྱོད་ལྟ་སྐུལ་ཚོད་འཛིན་དང་འཕྲལ་སྡོམ་འགན་སྲུང་ལ་ཤུགས་སྣོན་རྒྱག་པ། གློག་འདྲེན་སྐུད་ལམ་གལ་ཆེན་གྱི་འཁོར་སྐྱོད་བདེ་འཇགས་དང་འགན་སྲུང་ནུས་པ་ཆེ་རུ་གཏོང་བ། ཐལ་དྲགས་པའི་གནས་ཚུལ་འོག་འཕྲལ་སྡོམ་གློག་འདོན་དང་གློག་སྒྲོན། ཡུལ་དངོས་གློག་འདོན་མྱུར་བཅོས་སླར་གསོ་བཅས་ལ་འགན་ལེན་བྱ་དགོས།
4.5ཚན་རྩལ་གྱི་འདེགས་སྐྱོར།
(1)ཐོལ་བྱུང་དོན་རྐྱེན་ལ་ཁ་གཏད་གཅོག་པའི་དོ་དམ་ཚན་རྩལ་གྱི་འདེགས་སྐྱོར་ལ་ཤུགས་སྣོན་བརྒྱབ་ནས། ལག་རྩལ་གསར་པ་དང་སྒྲིག་ཆས་གསར་པ། བྱེད་ཐབས་གསར་པ། སྨན་རྫས་གསར་པ་སོགས་ལྟ་ཞིབ་ཚད་ལེན་དང་། སྔོན་བརྡ། འཕྲལ་སྡོམ་ཐག་གཅོད། རོགས་སྐྱོབ་བཅས་ཀྱི་ལས་དོན་ཐད་སྤྱོད་རྒྱུར་མཐོང་ཆེན་བྱ་དགོས།
(2)གོང་ནས་འོག་གི་འཕྲལ་སྡོམ་བཀོད་འདོམས་སྟེགས་བུའི་མ་ལག་འཐུས་ཚང་དུ་གཏོང་བ་དང་། ལངས་གཟུགས་ཅན་གྱི་ལྟ་ཞིབ་ཚད་ལེན་དང་ཉེན་ཟོན་ཉེན་བརྡའི་དྲ་རྒྱ་དང་གཞི་གྲངས་ཆེན་མོའི་འདེགས་སྐྱོར། རིག་ནུས་འཕྲལ་སྡོམ། འཕྲལ་སྡོམ་སྔོན་ཇུས་སོགས་གྲངས་ཀ་ཅན་གྱི་ནུས་པ་འཛུགས་སྐྱོང་བྱེད་པར་སྐུལ་འདེད་གཏོང་བ། ཐོལ་བྱུང་དོན་རྐྱེན་གྱི་ལྟ་ཞིབ་ཚད་ལེན་དང་ཉེན་ཟོན་སྔོན་བརྡ། འཕྲལ་སྡོམ་ལས་རེས། ཆ་འཕྲིན་ཡར་སྤྲོད། བརྙན་ལམ་གྲོས་མོལ། རམ་འདེགས་ཇུས་གཅོད། བཀོད་འདོམས་མཐུན་སྦྱོར། ཐོན་ཁུངས་གཡར་སྤྱོད། སྔོན་ཇུས་དོ་དམ། འཕྲལ་སྡོམ་འཁྲབ་སྦྱོང་སོགས་ཀྱི་ནུས་པ་འཐུས་ཚང་དུ་གཏོང་དགོས།
ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གིས་རང་སོ་སོའི་འགན་འཁྲི་དང་ཟུང་འབྲེལ་བྱས་ཏེ། ཐོལ་བྱུང་དོན་རྐྱེན་དང་འབྲེལ་བ་ཡོད་པའི་འཕྲལ་སྡོམ་འགན་སྲུང་མ་ལག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འགན་སྲུང་སྔོན་ཇུས་འཐུས་ཚང་དུ་གཏོང་བ། ས་གནས་ཀྱིས་འཕྲལ་སྡོམ་འགན་སྲུང་མ་ལག་འཛུགས་པ་དང་མགྱོགས་མྱུར་གྱིས་མཉམ་འགུལ་ཁ་གཏད་གཅོག་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་རྒྱུར་མཛུབ་ཁྲིད་དང་ལྟ་སྐུལ་བྱས་ཏེ། ཐོལ་བྱུང་དོན་རྐྱེན་བྱུང་རྗེས་ཀྱི་འཕྲལ་སྡོམ་འགན་སྲུང་ལམ་སྲོལ་མགྱོགས་མྱུར་ངང་སྤྱོད་ཐུབ་པར་འགན་ལེན་བྱེད་དགོས།
5.སྔོན་ཇུས་དོ་དམ།
5.1སྔོན་ཇུས་བཟོ་བ།
རྒྱལ་ཁབ་རིམ་པའི་ཆེད་དོན་འཕྲལ་སྡོམ་སྔོན་ཇུས་དང་སྡེ་ཚན་གྱི་འཕྲལ་སྡོམ་སྔོན་ཇུས་ནི་འབྲེལ་ཡོད་སྡེ་ཚན་གྱིས་སྒྲིག་འཛུགས་དང་བཟོ་འགོད་བྱས་ཏེ། གོ་རིམ་ལྟར་ཆོག་མཆན་ཞུ་བ་དང་པར་འགྲེམས་བྱ་དགོས། ས་གནས་སོ་སོའི་འབྲེལ་ཡོད་སྡེ་ཁག་སོ་སོས་ས་གནས་དེའི་མ་ལག་གི་འཕྲལ་སྡོམ་སྔོན་ཇུས་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་རྒྱུའི་འགན་འཁུར་དགོས། རྨང་གཞིའི་སྒྲིག་བཀོད་གལ་ཆེན་སྲུང་སྐྱོང་དང་། བྱེད་སྒོ་གལ་ཆེན་འགན་སྲུང་། ས་ཁོངས་རང་བཞིན་དང་འབབ་རྒྱུད་རང་བཞིན་གྱི་འཕྲལ་སྡོམ་སྔོན་ཇུས་བཅས་ཆེད་དོན་ནམ་སྡེ་ཚན་གྱི་འཕྲལ་སྡོམ་སྔོན་ཇུས་དོ་དམ་ནང་འཇུག་དགོས།
5.2སྔོན་ཇུས་སྦྲེལ་མཐུད།
རིམ་པ་སོ་སོ་དང་རིགས་སོ་སོའི་འཕྲལ་སྡོམ་སྔོན་ཇུས་གོང་འོག་མཐུན་སྦྱོར་དང་གཡས་གཡོན་སྦྲེལ་མཐུད་བྱས་ནས། སྣོལ་སྡེབ་སྔོན་འགོག་དང་འགལ་བ་མི་ཡོང་བར་བྱ་དགོས། འཕྲལ་སྡོམ་དོ་དམ་པུའུ་ཡིས་འཕྲལ་སྡོམ་སྔོན་ཇུས་འབྲེལ་མཐུད་ལས་དོན་གྱི་ཕྱོགས་བསྡུས་མཐུན་སྦྱོར་བྱེད་འགན་འཁུར་བ་དང་། འཕྲལ་སྡོམ་སྔོན་ཇུས་མ་ལག་འཛུགས་སྐྱོང་བྱེད་པར་མཛུབ་ཁྲིད་བྱ་དགོས། ཞིང་ཆེན་སོ་སོའི་སྤྱི་ཡོངས་ཀྱི་འཕྲལ་སྡོམ་སྔོན་ཇུས་དུས་ཐོག་ཏུ་འཕྲལ་སྡོམ་དོ་དམ་པུའུ་ལ་བསྐུར་དགོས། རྒྱལ་ཁབ་ཀྱི་ཆེད་དོན་འཕྲལ་སྡོམ་སྔོན་ཇུས་ལ་ཆོག་མཆན་མ་ཞུས་གོང་སྣེ་ཁྲིད་སྡེ་ཁག་སོ་སོས་གོ་རིམ་ལྟར་འཕྲལ་སྡོམ་དོ་དམ་པུའུ་དང་གྲོས་མོལ་བྱས་ནས། མཐུན་སྦྱོར་སྦྲེལ་མཐུད་བྱ་དགོས། ས་གནས་ཁག་གི་འབྲེལ་ཡོད་སྡེ་ཁག་སོ་སོས་འབྲེལ་ཡོད་འཕྲལ་སྡོམ་སྔོན་ཇུས་སྦྲེལ་མཐུད་ཀྱི་ལས་ཀ་ཡག་པོར་བསྒྲུབ་དགོས།
5.3སྔོན་ཇུས་སྦྱོང་བརྡར།
རྒྱལ་ཁབ་ཀྱི་འབྲེལ་ཡོད་འཕྲལ་སྡོམ་བཀོད་འདོམས་ལས་ཁུངས་སམ་ཡང་ན་འཕྲལ་སྡོམ་སྔོན་ཇུས་སྣ་ཚོགས་ཀྱི་སྣེ་ཁྲིད་བཟོ་འགོད་སྡེ་ཁག་གིས་འཕྲལ་སྡོམ་འཁྲབ་སྦྱོང་འཆར་གཞི་བཟོ་དགོས་པར་མ་ཟད། དུས་བཅད་ལྟར་འཁྲབ་སྦྱོང་སྒྲིག་འཛུགས་བྱེད་དགོས། ས་གནས་ཁག་གིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་འཆར་གཞི་ཡོད་པ་དང་གཙོ་གནད་ལྡན་པའི་སྒོ་ནས་འབྲེལ་ཡོད་འཕྲལ་སྡོམ་སྔོན་ཇུས་ཀྱི་འཁྲབ་སྦྱོང་སྒྲིག་འཛུགས་བྱ་དགོས། ས་གནས་ཁག་གི་འབྲེལ་ཡོད་སྡེ་ཚན་སོ་སོས་འཕྲལ་སྡོམ་འཁྲབ་སྦྱོང་བྱ་ཡུལ་གྱི་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས། གསོ་སྦྱོང་འཁྲབ་སྦྱོང་ལས་དོན་ལ་དམ་འཛིན་ཏན་ཏིག་དང་ཞིབ་ཕྲར་གཏོང་རྒྱུར་འགན་ལེན་མཁོ་འདོན་བྱེད་དགོས།
5.4སྔོན་ཇུས་དཔྱད་དཔོག་དང་བཟོ་བཅོས་རྒྱག་པ།
ས་གནས་སོ་སོའི་འབྲེལ་ཡོད་སྡེ་ཁག་སོ་སོས་འཕྲལ་སྡོམ་སྔོན་ཇུས་ཀྱི་འགུལ་རྣམ་ཇེ་ལེགས་སུ་གཏོང་བ་དང་ཚན་རིག་དང་མཐུན་པའི་ཚད་ལྡན་གྱི་དོ་དམ་ལ་ཤུགས་སྣོན་རྒྱག་དགོས་པ་དང་། ཐོལ་བྱུང་དོན་རྐྱེན་ལ་ཁ་གཏད་གཅོག་པ་དང་འཁྲབ་སྦྱོང་དཔྱད་དཔོག་བྱས་འབྲས་ལ་གཞིགས་ནས། འཕྲལ་སྡོམ་སྔོན་ཇུས་ཀྱི་ནང་དོན་དུས་ཐོག་ཏུ་ལེགས་སྒྲིག་བྱ་དགོས་པ་དང་། དུས་བཅད་ལྟར་འབྲེལ་ཡོད་འཕྲལ་སྡོམ་སྔོན་ཇུས་ལ་དཔྱད་དཔོག་དང་བཟོ་བཅོས་སྒྲིག་འཛུགས་བྱས་ནས། འཕྲལ་སྡོམ་སྔོན་ཇུས་ཀྱི་དམིགས་གཏད་རང་བཞིན་དང་། དངོས་སྤྱོད་རང་བཞིན། བཀོལ་སྤྱོད་རང་བཞིན་བཅས་ཆེ་རུ་གཏོང་དགོས།
5.5དྲིལ་བསྒྲགས་དང་གསོ་སྦྱོང་།
སྔོན་ཇུས་འདི་ལག་ལེན་བསྟར་རྗེས། འཕྲལ་སྡོམ་དོ་དམ་པུའུ་ཡིས་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་དྲིལ་བསྒྲགས་དང་། འགྲེལ་བཤད། གསོ་སྦྱོང་བཅས་ཀྱི་ལས་དོན་ལེགས་པོར་བསྒྲུབ་དགོས། ས་གནས་རིམ་པ་ཁག་གི་ཏང་ཨུ་དང་སྲིད་གཞུང་གིས་ས་གནས་དེ་གའི་ཁྱད་ཆོས་ལ་དམིགས་ནས་ཐོལ་བྱུང་དོན་རྐྱེན་གྱི་འཕྲལ་སྡོམ་སྔོན་ཇུས་ཀྱི་དྲིལ་བསྒྲགས་དང་གསོ་སྦྱོང་ལས་དོན་སྤེལ་དགོས་པར་མ་ཟད། བྱེད་ཐབས་སྣ་ཚོགས་ལ་བརྟེན་ནས་འཕྲལ་སྡོམ་བཅའ་ཁྲིམས་ཁྲིམས་སྲོལ་དང་བདེ་འཇགས་སྲུང་སྐྱོང་། གནོད་འགོག་གནོད་འཕྲི་མྱུར་སྐྱོབ། ཉེན་འགོག་ཉེན་གཡོལ། འཕྲོད་བསྟེན་རིམས་འགོག རང་སྐྱོབ་གཞན་སྐྱོབ་སོགས་ཀྱི་ཤེས་བྱ་དང་རྩལ་ནུས་དྲིལ་བསྒྲགས་དང་སློབ་གསོ་གསོ་སྦྱོང་རྒྱ་ཁྱབ་ངང་སྤེལ་བར་སྒྲིག་འཛུགས་བྱས་ཏེ། མི་དམངས་ཀྱི་འགོག་སྲུང་འཛིང་རགས་བརྟན་པོ་འཛུགས་དགོས། འབྲེལ་ཡོད་ཕྱོགས་སོ་སོས་འཆར་གཞི་ཡོད་པའི་སྒོ་ནས་འགོ་ཁྲིད་ལས་བྱེད་པ་དང་། འཕྲལ་སྡོམ་མྱུར་སྐྱོབ། དོ་དམ་མི་སྣ་བཅས་ལ་གསོ་སྦྱོང་བྱས་ནས་དེའི་འཕྲལ་སྡོམ་ནུས་པ་ཇེ་ཆེར་གཏོང་དགོས།
5.6འགན་འཁྲི་དང་བྱ་དགའ་ཆད་གཅོད།
ཐོལ་བྱུང་དོན་རྐྱེན་གྱི་འཕྲལ་སྡོམ་ཐག་གཅོད་དང་རོགས་སྐྱོབ་ལས་དོན་ལ་གཏན་འབེབས་ལྟར་ས་གནས་ཏང་སྲིད་འགོ་ཁྲིད་འགན་འཁུར་ལམ་ལུགས་དང་འགན་འཁྲི་རྩད་གཅོད་ལམ་ལུགས་ལག་བསྟར་བྱས་ཏེ། འབྲེལ་ཡོད་ཏང་སྲིད་འགོ་ཁྲིད་ལས་བྱེད་པའི་ལྟ་སྐུལ་ནང་དོན་ནང་འཇུག་དགོས། ཐོལ་བྱུང་དོན་རྐྱེན་གྱི་འཕྲལ་སྡོམ་ཐག་གཅོད་དང་རོགས་སྐྱོབ་ཁྲོད་བྱས་རྗེས་མངོན་གསལ་དོད་པའི་ཐུན་མོང་དང་མི་སྒེར་ལ་འབྲེལ་ཡོད་གཏན་འབེབས་ལྟར་གཟེངས་བསྟོད་དང་བྱ་དགའ་སྤྲོད་དགོས། ཁྲིམས་འགལ་དང་སྒྲིག་འགལ་གྱི་བྱ་སྤྱོད་ཡོད་རིགས་ལ་རྒྱལ་ཁབ་ཀྱི་འབྲེལ་ཡོད་བཅའ་ཁྲིམས་དང་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལྟར་འགན་འཁྲི་བདའ་འདེད་བྱ་དགོས། གཏན་འབེབས་ལྟར་ཐོལ་བྱུང་དོན་རྐྱེན་གྱི་འཕྲལ་སྡོམ་སྔོན་ཇུས་བཟོ་འགོད་དང་བཟོ་བཅོས་མ་བྱས་པ་དང་། དུས་བཅད་ལྟར་འཕྲལ་སྡོམ་སྔོན་ཇུས་འཁྲབ་སྦྱོང་སྒྲིག་འཛུགས་མ་བྱས་པའི་རིགས་ལ་འབྲེལ་ཡོད་གཏན་འབེབས་ལྟར་འགན་འཁྲི་བདའ་འདེད་བྱ་དགོས། །