ཟླ2པའི་ཚེས23ཉིན་གསར་འགོད་པས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་བཟོ་ལས་ཚོང་དོན་དང་ཆ་འཕྲིན་ཅུས་ནས་ཤེས་གསལ་ལྟར་ན། 2024ལོར། མགོ་ལོག་ཁུལ་དུ་སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་ཟོག་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར13.63ལ་སླེབས་པ་དང་དུས་མཉམ་ལས2.8%འཕར་ཡོད། ཚོང་དོན་ཁྱབ་ཁོངས་སུ་གཞི་ཁྱོན་རྒྱ་བསྐྱེད་པ་དང་སྤུས་ཚད་མཐོ་རུ་ཕྱིན་པ། ཤུགས་རྐྱེན་ཆེ་རུ་ཕྱིན་པ་བཅས་ཀྱི་རྣམ་པ་བཟང་པོ་མངོན།
2024ལོར་མགོ་ལོག་ཁུལ་གྱིས་འཛད་སྤྱོད་ལ་སྐུལ་འདེད་ཀྱི་བྱ་འགུལ་བསྡོམས་པས་ཐེངས52སྤེལ་བ་དང་། མ་དངུལ་སྒོར་ཁྲི650བཏང་ཞིང་འཛད་སྤྱོད་འཛིན་ཤོག་ཁྲི24.5སྤྲད་པ། འཛད་སྤྱོད་མ་དངུལ་སྒོར་ཁྲི4600ལས་བརྒལ་བར་བྱས། “དངོས་རྙིང་གསར་བརྗེའི”སྲིད་ཇུས་གསར་གཏོད་ལག་བསྟར་བྱས་ཏེ། ཁེ་ལས13ཁྱིམ་སྤྱོད་གློག་ཆས774ཕྱིར་འཚོང་བྱེད་པའི་ནང་ཞུགས་པ་དང་འཛད་སྤྱོད་མ་དངུལ་སྒོར་ཁྲི397ལ་སླེབས་པར་བྱས། ཁ་གསབ་སྒོར་ཁྲི74སྤྲད་པ་སོགས་ཀྱིས། གཞིས་དམངས་ཀྱི་རྙིང་པ་གསར་བརྗེའི་དགོས་མཁོ་སྐུལ་སྤེལ་བྱས། མཚན་མོའི་དཔལ་འབྱོར་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་བྱུང་ཞིང་། མགོ་ལོག་ཁུལ་གྱི་སྐབས་གཉིས་པའི་རྨ་གཡང་མཚན་མོའི་ཁྲོམ་ར་དང་། མདོག་གསུམ་པད་མའི་མཚན་མོའི་ཁྲོམ་རའི་རྐང་ཐང་ཁྲོམ་གཞུང་སོགས་ཀྱི་བྱ་འགུལ་སྤེལ་བ་བརྒྱུད། “པད་མའི་བོད་ཇ”“གཅིག་སྒྲིལ་རྫོང་གི་སྐམས་ཤ”སོགས“མགོ་ལོག་ཁུལ་གྱི་སྤུས་ལེགས་དངོས་ཟོག”ཁག་ཅིག་གཅིག་བསྡུས་ཀྱིས་འགྲེམ་སྟོན་བྱས་པས། ལོ་དེའི་ཕྱིར་འཚོང་མ་དངུལ་སྒོར་ཁྲི430ལ་སླེབས་པ་དང་དུས་མཉམ་ལས12%འཕར།
འདས་ཟིན་པའི་ལོ་གཅིག་ནང་། མགོ་ལོག་ཁུལ་གྱི་ཞིང་ཕྱུགས་ཐོན་རྫས་ཕྱིར་འཚོང་བྱེད་པའི་ཐབས་ལམ་མུ་མཐུད་དུ་རྒྱ་བསྐྱེད་བཏང་བ་དང་། མགོ་ལོག་གངས་རིའི་ཟས་རིགས་ཀུང་སིར“ཀྲུང་ཧྭའི་ཚོང་རྟགས་རྙིང་པ”ཞེས་པའི་མཚན་སྙན་ཐོབ་པ་དང་། མགོ་ལོག་ཁུལ་དུ་ཚོང་རྟགས་རྙིང་པ་མེད་པའི་ལོ་རྒྱུས་མཇུག་རྫོགས་པ་དང་། མཚོ་སྔོན་ལྔ་གསུམ་དྲུག་དགུ་སྐྱེ་ཁམས་ཕྱུགས་ལས་ཚན་རྩལ་ཚད་ཡོད་ཀུང་སིས་ཐོན་སྐྱེད་བྱས་པའི་སྐམས་ཤ་ཧྲེན་ཀྲེན་གྲོང་ཁྱེར་གྱི་འགག་སྒོ་བརྒྱུད་ནས་ཤང་ཀང་ལ་ཐེངས་དང་པོར་ཕྱིར་གཏོང་བྱས་པ་དང་། ས་གནས་དེ་གའི་ཐོན་རྫས་སྔར་ལས་རྒྱ་ཆེ་བའི་ཁྲོམ་རའི་ཕྱོགས་སུ་བསྐྱོད་འགོ་བརྩམས་པ་མཚོན།
མགོ་ལོག་ཁུལ་བཟོ་ལས་ཆ་འཕྲིན་ཅུས་ཏང་ཙུའུ་ཡི་ཁོངས་མི་རྡོ་ཚེ་བརྟན་གྱིས“ལྔ་བཅུ་བཞིའི”འཆར་འགོད་མཇུག་བསྒྲིལ་བའི་ལོར་མུ་མཐུད་དུ་ནང་མཁོ་རྒྱ་བསྐྱེད་གཏོང་བའི་འཐབ་ཇུས་དོན་འཁྱོལ་བྱས་ཏེ། འཛད་སྤྱོད་དངོས་ཟོག“རྙིང་པ་གསར་བརྗེའི”འགོ་བརྩམས་ཏེ། འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་ཆེད་དོན་བྱ་འགུལ་དེ་བས་མང་བ་རྩ་འཛུགས་བྱས་པ་བརྒྱུད། ཚོང་དོན་དང་རིག་གནས་ཡུལ་སྐོར། ཞིང་ལས་བཅས་མཉམ་འདྲེས་གཏིང་ཟབ་བྱ་བར་སྐུལ་འདེད་བཏང་ནས། རྒྱུན་ཆད་མེད་པར་མང་ཚོགས་ཀྱི་འཛད་སྤྱོད་དགོས་མཁོ་བསྐང་རྒྱུ་ཡིན་ཟེར། །