མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་གསོག་འཇོག་ལས་གཞིའི་སྤྱིའི་མ་དངུལ་སྒོར་དུང་ཕྱུར907.3ཇུས་འགོད་བྱས།

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།

2025ལོར་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་ནུས་རྒྱུ་གསར་པ་དང་། རོང་འབྲོག་ལས་རིགས། ཡུལ་སྐོར་ལས་རིགས། གཞི་གྲངས་དཔལ་འབྱོར་སོགས་གཙོ་གནད་ཐོན་ལས་ལ་དམིགས་ཏེ་ཐོན་ལས་དང་ཁྱབ་ཁོངས་ཞིབ་ཚགས་སུ་བཏང་བ་དང་། ཐོན་ལས་སྦྲེལ་མཐུད་དང་གཙོ་གནད་ཁེ་ལས་ཀྱི་མིང་ཐོ་གསེད་བཀྲོལ་བྱེད་པ། ཚོང་འགུག་བྱེད་སྟངས་ལ་འགྱུར་ལྡོག་གཏོང་བ། གནད་སྨིན་ཚོང་འགུག་བྱེད་ཐབས་ལག་བསྟར་བཅས་བྱས་ཏེ་མིག་སྔར་གྲབས་གསོག་ཚོང་འགུག་རྣམ་གྲངས་བརྒྱ་ཇུས་འགོད་བྱས་པ་དང་མ་དངུལ་སྒོར་དུང་ཕྱུར907.3བཏང་ཡོད།

མཚོ་བྱང་ཁུལ་གྱི2025ལོའི་ཁྱད་ལྡན་ཐོན་ལས་ཀྱི་ཚོང་འགུག་བྱེད་ཐབས་ནན་ཏན་སྒོས་ལག་བསྟར་བྱེད་དགོས་ལ།  སྤུས་ལེགས་དང་གནད་འཁེལ། ཏན་ཏིག་བཅས་ཀྱི་རྩ་དོན་གཞིར་བཟུང་ནས། ཁུལ་ཡོངས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་རོགས་ལས་ཚོང་འགུག་དང་། གླིང་ཁུལ་གྱི་ཚོང་འགུག ཚོང་འགུག་མ་འདྲེན། སྤུས་ཚད་ཇེ་མཐོར་གཏོང་བ། རོང་འབྲོག་ཐོན་ལས་དང་སྐྱེ་ཁམས་ཡུལ་སྐོར་ལ་བརྟེན་ནས་ཡོང་འབབ་འཕར་བ་དང་། ཁྱད་ལྡན་ཐོན་ལས་ཀྱིས་ཚོང་འགུག་བྱེད་པ། ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་བ་སོགས་ཐད་ནས་ཁུལ་ཡོངས་ཀྱི་ཚོང་འགུག་དངུལ་འདྲེན་གྱི་ལས་དོན་བཀོད་སྒྲིག་ཞིབ་ཕྲ་བྱེད་པ་དང་། གྲབས་གསོག་རྣམ་གྲངས་ཇུས་འགོད་བྱས་ཏེ་རྣམ་གྲངས་སྤུས་ཚད་མཐོ་བའི་སྒོ་ནས་འགན་ལེན་བྱེད་དགོས།

ཤེས་གསལ་ལྟར་ན། 2024ལོར་མཚོ་བྱང་ཁུལ་ཀྱིས་ལས་རིགས་དོ་དམ་བྱེད་པར་ངེས་པར་དུ་མ་འཇོག་དོ་དམ་བྱེད་དགོས་པ་དང་། ལས་རིགས་དམ་འཛིན་བྱེད་པར་ངེས་པར་དུ་རྣམ་གྲངས་ལ་དམ་འཛིན་བྱེད་དགོས་པའི་བླང་བྱ་དོན་འཁྱོལ་བྱས་ཏེ། ཁ་གཏད་ཚོང་འགུག་དང་དྲ་ཐོག་ཚོང་འགུག་སྒྲིག་གཞིའི་ཚོང་འགུག་སོགས་ཚོང་འགུག་དངུལ་འདྲེན་གྱི་བྱེད་ཐབས་གསར་གཏོད་བྱས་པ་དང་། ཐོན་ལས་གཅིག་སྡུད་དང་། ཐོན་ལས་རྒྱུན་མཐུད། ཐོན་ལས་ཕྲེང་འབྲེལ་ཁ་གསབ་བྱེད་པ་སོགས་ཀྱི་བསམ་ཕྱོགས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་སྟེ། གཙོ་གནད་ཐོན་ལས་རིགས་ལ་གནད་འཁེལ་ཚོང་འགུག་ལག་བསྟར་བྱས་ལ། གསར་སྐྲུན་རྣམ་གྲངས་ཐད་མ་དངུལ་སྒོར་དུང་ཕྱུར24.85དོན་འཁྱོལ་བྱས་པ་དང་། ཞིང་ཆེན་གྱིས་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་གྱི124.25%ལེགས་འགྲུབ་བྱུང་། ལེགས་འགྲུབ་བྱེད་ཚད་ཞིང་ཆེན་ཡོངས་ཀྱི་ཨང་གཉིས་པར་གྱུར་ཡོད། མ་དངུལ་དམིགས་སར་འབྱོར་ཚད་མུ་མཐུད་མཐོ་རུ་ཕྱིན་པ་དང་ལྷག་པར་དུ་ཧེ་ཡན་རྫོང་རིག་ནུས་རྩིས་ནུས་ལྟེ་གནས་སོགས་ཀྱི་རྣམ་གྲངས་སྤུས་ལེགས་ཁག་ཅིག་ལག་བསྟར་བྱས་ཏེ་མཚོ་བྱང་ཁུལ་གྱི་དཔལ་འབྱོར་གོང་འཕེལ་དུ་འགྲོ་རྒྱུར་རྨང་གཞི་བརྟན་པོ་ཞིག་བཏིངས་ཡོད།  །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།