ཀྲུང་གུང་ཀྲུང་དབྱང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བའི་འཆར་འགོད(2024ལོ་ནས2027ལོ)》དཔར་འགྲེམ་བྱས་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

ཉེ་ལམ། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བའི་འཆར་འགོད(2024ལོ་ནས2027ལོ)》དཔར་འགྲེམ་བྱས་པ་མ་ཟད་བརྡ་སྦྱོར་བཏང་སྟེ། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་དོན་དངོས་དང་བསྟུན་ནས་ལག་བསྟར་དང་དོན་འཁྱོལ་བྱེད་དགོས་པའི་བླང་བྱ་བཏོན།

《གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བའི་འཆར་འགོད(2024ལོ་ནས2027ལོ)》ཀྱི་ནང་དོན་གཙོ་བོ་གཤམ་གསལ་ལྟར།

གྲོང་གསེབ་དར་སྤེལ་འཐབ་ཇུས་ལག་བསྟར་བྱེད་པ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གི་ཁྱོན་ཡོངས་ལ་དམིགས་ནས་བཏོན་པའི་ཇུས་འགོད་གལ་ཆེན་ཡིན་ཞིང་། དེ་ནི་དུས་རབས་གསར་བ་དང་བགྲོད་ལམ་གསར་བའི“ཞིང་གསུམ”བྱ་བའི་འཛིན་ལོང་གལ་ཆེན་ཡིན་པས། ནུས་ཤུགས་ཡོད་དགུ་དང་ཕན་ནུས་ལྡན་པའི་སྒོ་ནས་གྲོང་གསེབ་ཕྱོགས་ཡོངས་དར་སྤེལ་ལ་སྐུལ་འདེད་གཏོང་ཆེད། འཆར་འགོད་འདི་གཏན་འབེབས་བྱས།

དང་པོ། སྤྱི་ཡོངས་ཀྱི་བླང་བྱ།

ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་། སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ཞིང་གསུམ”བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་ནན་ཏན་གྱིས་ལག་བསྟར་དོན་འཁྱོལ་བྱེད་པ། ཕྱོགས་ཡོངས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཕྱོགས་ཡོངས་ནས་ལག་བསྟར་གནད་ལ་འཁེལ་བ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འཛུགས་སྐྱོང་ཇེ་མགྱོགས་སུ་གཏོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཆེན་པོ་གཏོང་བ། ཞིང་ལས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་དམིགས་འབེན་གཏན་འབེབས་དང་།“སྟོང་ཁྲིའི་བཟོ་སྐྲུན“ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་བཅས་བྱས་ཏེ། གྲོང་གསེབ་ཕྱོགས་ཡོངས་དར་སྤེལ་ལ་སྐུལ་འདེད་གཏོང་བའི་ཕུགས་ཕན་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འགན་ལེན་དང་གྲོང་གསེབ་ཀྱི་མི་འབོར་གཞི་ཁྱོན་ལྡན་པའི་སྒོ་ནས་དབུལ་པོར་འགྱུར་བར་འགན་ལེན་བྱ་རྒྱུ་དེ་ཚད་མཐའ་རུ་བཟུང་ནས་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་དུ་གཏོང་བ། གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་གཏོང་བའི་ཆུ་ཚད་ཇེ་མཐོར་གཏོང་བ། གྲོང་གསེབ་འཛུགས་སྐྲུན་གྱི་ཆུ་ཚད་ཇེ་མཐོར་གཏོང་བ། ཤང་དང་གྲོང་ཚོའི་བཅོས་སྐྱོང་ཆུ་ཚད་མཐོ་རུ་གཏོང་བ་བཅས་གཙོ་གནད་དུ་བཟུང་ནས་ཚན་རྩལ་དང་བཅོས་བསྒྱུར་ཀྱི་སྐུལ་འདེད་གཏོང་ཤུགས་ཆེ་རུ་གཏོང་བ། ཞིང་པའི་ཡོང་སྒོ་ཇེ་མང་དུ་གཏོང་བའི་བྱེད་ཐབས་ཇེ་མང་དུ་གཏོང་བ། གྲོང་གསེབ་ཀྱི་ཐོན་ལས་དང་ཤེས་ལྡན་མི་སྣ། རིག་གནས། སྐྱེ་དངོས། རྩ་འཛུགས་བཅས་ཀྱི“དར་སྤེལ་ལྔ”ལ་སྐུལ་འདེད་ཏན་ཏིག་བཏང་ནས། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་དང་། ཞིང་ལས་ཕྱོགས་ཡོངས་ནས་རིམ་སྤར་དང་གྲོང་གསེབ་ཕྱོགས་ཡོངས་ནས་ཡར་ཐོན་བྱུང་བར་སྐུལ་འདེད་གཏོང་བ། ཞིང་པ་ཕྱོགས་ཡོངས་ནས་འཕེལ་རྒྱས་བཏང་སྟེ། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་འདེགས་སྐྱོར་སྟོབས་ལྡན་འདོན་སྤྲོད་བྱ་དགོས།

བྱ་བའི་ཁྲོད་དུ་ཏང་གིས“ཞིང་གསུམ“བྱ་བར་ཕྱོགས་ཡོངས་ནས་མགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་བརྒྱག་དགོས་པ་དང་། ཞིང་ལས་དང་གྲོང་གསེབ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་རྒྱུན་འཁྱོངས་དང་། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་ངང་འཕེལ་རྒྱས་གཏོང་རྒྱུ་རྒྱུན་འཁྱོངས་དང་། ཞིང་པའི་གཙོ་གཞིའི་གོ་གནས་རྒྱུན་འཁྱོངས་བྱ་རྒྱུ། ཡུལ་བབ་དང་བསྟུན་པ། རིགས་དབྱེ་ཐབས་ཇུས་ལག་བསྟར་བྱ་རྒྱུ་རྒྱུན་འཁྱོངས་དང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བར་རྒྱུན་འཁྱོངས་དང་། བཅོས་བསྒྱུར་ཟབ་སྤེལ། གོམ་པ་རིམ་བགྲོད་དང་ཡུན་རིང་པོར་བྱས་རྗེས་འཇོག་རྒྱུ་རྒྱུན་འཁྱོངས་བྱ་དགོས། ཞིང་པ་དུང་ཕྱུར་མང་པོའི་ཧུར་སེམས་རང་བཞིན་དང་རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་ལ་སྐུལ་སློང་གང་ལེགས་བྱ་དགོས། དོན་དག་གཅིག་རེ་རེ་བཞིན་མུ་མཐུད་དུ་བསྒྲུབས་པ་དང་། ལོ་གཅིག་དང་ལོ་རེ་རེར་སྒྲུབ་ནས། རྒྱལ་ཁ་ཆུང་ཆུང་བསགས་ནས་དོན་ཆེན་སྒྲུབ་དགོས། ས་ཁུལ་མི་འདྲ་བར་གཅིག་གྱུར་གྱིས་འཆར་འགོད་དང་། དུས་རིམ་རང་བཞིན་གྱི་གཙོ་གནད་ལས་འགན་དང་སྐུལ་སྤེལ་གྱི་དུས་རིམ་རང་བཞིན་གཏན་འཁེལ་ལུགས་མཐུན་བྱ་དགོས། ཕྱི་རོལ་ཡུལ་གྱི་ཆོས་ཉིད་ལ་བརྩི་འཇོག་དང་། འཕེལ་རྒྱས་ཀྱི་དུས་རིམ་ལས་མི་བརྒལ་བར། དོན་དངོས་དང་བྲལ་བའི་དམིགས་འབེན་མི་གླེང་བ། བཟོ་ལས་ཅན་དང་། གྲོང་ཁྱེར་དང་གྲོང་རྡལ་དཔེ་གསར་ཅན། གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་བཅས་གཅིག་གྱུར་གྱིས་འཆར་འགོད་དང་། གྲོང་ཁྱེར་དང་གྲོང་གསེབ་བར་གྱི་ཁྱད་པར་ཇེ་ཆུང་དུ་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་མཉམ་དུ་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་རྒྱུ། གྲོང་གསེབ་ཀྱི་དཔལ་འབྱོར་འཛུགས་སྐྲུན་དང་། ཆབ་སྲིད་ལེགས་སྐྱོང་། རིག་གནས་འཛུགས་སྤེལ། སྤྱི་ཚོགས་འཛུགས་སྐྲུན། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་། ཏང་གི་འཛུགས་སྐྱོང་བཅས་གཅིག་གྱུར་གྱིས་སྐུལ་སྤེལ་གཏོང་རྒྱུ་དང་། གྲོང་གསེབ་ཕྱོགས་ཡོངས་ནས་གོང་དུ་འཕེལ་བར་བྱ་དགོས།

དམིགས་ཡུལ་གཙོ་བོ་ནི2027ལོར་བསླེབ་སྐབས་གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བར་དོན་དངོས་རང་བཞིན་གྱི་འཕེལ་རྒྱས་བྱུང་ནས་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་འགྱུར་བའི་སྐས་རིམ་གསར་པ་ཞིག་ཏུ་བསླེབ་དགོས། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ཀྱི་རྨང་གཞི་སྔར་ལས་བརྟན་པོ་དང་། ཞིང་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་བརྟན་པོའི་ངང་མཐོ་རུ་ཕྱིན་པ། ཀྲུང་གོ་བའི་དཀར་ཡོལ་རང་ཉིད་ཀྱི་ལག་ཏུ་དམ་པོར་བཟུང་བ། གྲོང་གསེབ་ཀྱི་ཐོན་ལས་སྔར་བས་དར་ཞིང་རྒྱས་པ་དང་། གྲོང་གསེབ་ཀྱི་ཐོན་ལས་ཕྲེང་འབྲེལ་ཧྲིལ་པོའི་རིམ་པ་འཕར་བ་མངོན་འགྱུར་འབྱུང་དགོས། འཚོ་གནས་ཁོར་ཡུག་མངོན་གསལ་གྱིས་ཇེ་ལེགས་སུ་ཕྱིན་པ་དང་། གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་སྔར་ལས་འཐུས་ཚང་ཡིན་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རྩའི་སྤྱི་པའི་ཞབས་ཞུ་དོ་སྙོམས་ཅན་དུ་འགྱུར་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ། གྲོང་གསེབ་ཀྱི་སྲོལ་བཟང་རྒྱུན་མཐུད་ངང་གོང་འཕེལ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་བཅས་འཕེལ་རྒྱས་གང་ལེགས་བྱུང་བ། ཞིང་པའི་ཕྱོགས་བསྡུས་བྱང་ཚད་སྒོ་ཀུན་ནས་མཐོ་རུ་གཏོང་རྒྱུ། གྲོང་གསེབ་བཅོས་སྐྱོང་བྱེད་པའི་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་གཏོང་རྒྱུ། ཞིང་པའི་འཚོ་བ་སྔར་བས་མཛེས་སྡུག་ལྡན་པ་དང་། ཡོང་འབབ་ཀྱི་ཆུ་ཚད་རྒྱུན་མཐུད་ངང་མཐོ་རུ་ཕྱིན་པ་དང་། གྲོང་གསེབ་ཀྱི་ཡོང་འབབ་དམའ་བའི་མི་འབོར་དང་དར་རྒྱས་མེད་པའི་ས་ཁུལ་གྱི་རིམ་པ་ཕྱེ་ནས་རོགས་སྐྱོར་བྱེད་པའི་ལམ་ལུགས་གཞི་རྩའི་ཆ་ནས་འཛུགས་རྒྱུ། ཤར་རྒྱུད་ཀྱི་དར་རྒྱས་ཆེ་བའི་ས་ཁུལ་དང་དབུས་རྒྱུད་དང་ནུབ་རྒྱུད་ས་ཁུལ་ལ་ཆ་རྐྱེན་འཛོམས་པའི་གྲོང་ཁྱེར་ཆེ་འབྲིང་གི་གྲོང་འདབས་ཁུལ་གྱི་གྲོང་གསེབ་ཏུ་གཞི་རྩའི་ཆ་ནས་ཞིང་ལས་དང་གྲོང་གསེབ་ཀྱི་དེང་རབས་ཅན་མངོན་འགྱུར་བྱ་རྒྱུ། 2035ལོར་བསླེབ་སྐབས་གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བར་ཐག་གཅོད་རང་བཞིན་གྱི་འཕེལ་རྒྱས་བྱུང་ཞིང་། ཞིང་ལས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱུང་བ་དང་། གྲོང་གསེབ་ལ་དེང་རབས་ཀྱི་འཚོ་བའི་ཆ་རྐྱེན་འཛོམས་ཡོད་པ་བཅས་ཡིན།

གཉིས་པ། གྲོང་ཁྱེར་དང་གྲོང་གསེབ་འཕེལ་རྒྱས་གཏོང་བའི་རྣམ་པ་ཇེ་ལེགས་སུ་གཏོང་བ་དང་། རིགས་དབྱེ་ནས་གོ་རིམ་ལྡན་པའི་ངང་གྲོང་གསེབ་ཕྱོགས་ཡོངས་དར་སྤེལ་ལ་སྐུལ་འདེད་གཏང་དགོས།

(གཅིག)གྲོང་ཁྱེར་དང་གྲོང་གསེབ་འཕེལ་རྒྱས་གཏོང་བའི་བཀོད་པ་གཅིག་གྱུར་གྱིས་ལེགས་སྒྱུར་བྱ་དགོས། ཐོན་ཁུངས་དང་ཁོར་ཡུག་གི་ཐེག་ནུས་དང་རྒྱལ་ཁོངས་ཀྱི་བར་སྟོང་གསར་སྤེལ་བྱེད་པར་འཚམ་པའི་གདེང་འཇོག་རྨང་གཞིར་བྱས་ནས་ཞིང་ལས་དང་། སྐྱེ་ཁམས། གྲོང་ཁྱེར་དང་གྲོང་རྡལ་གྱི་བར་སྟོང་བཅས་ལེགས་སྒྱུར་བྱ་དགོས། རྨོ་ཞིང་དང་ཡུན་རིང་གི་གཞི་རྩའི་ཞིང་ཁ་དང་། སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་དང་གྲོང་ཁྱེར་དང་གྲོང་རྡལ་གསར་སྤེལ་གྱི་མཐའ་མཚམས་སོགས་ཚོད་འཛིན་གཙོ་བོ་ནན་སྲུང་བྱས་ཏེ། རྫོང་རིམ་པའི་རྒྱལ་ཁོངས་སྤྱི་ཡོངས་ཀྱི་འཆར་འགོད་ཚན་རིག་དང་མཐུན་པའི་སྒོ་ནས་བཟོ་འགོད་དང་ལག་བསྟར་བྱ་དགོས། རྨོ་ཞིང་གང་བྱུང་དུ་བཟུང་བ་དང་གཏོར་བཤིག་གཏོང་བ་སོགས་ཀྱི་ཁྲིམས་འགལ་འགུལ་སྐྱོད་མཐའ་གཅིག་ཏུ་བཅོས་སྒྲིག་བྱས་ནས། ཞིང་ཆེན་རིམ་པའི་ཏང་ཨུ་དང་སྲིད་གཞུང་གི་རྨོ་ཞིང་སྲུང་སྐྱོང་འགན་འཁྲི་དོན་འཁྱོལ་ནན་མོ་བྱས་ཏེ་རྨོ་ཞིང་གོ་རིམ་ལྡན་པའི་ངང་སླར་གསོ་དང་། རྨོ་ཞིང་སྲུང་སྐྱོང་ལས་འགན་གྱི་མི་འདང་ས་རིམ་བཞིན་གསབ་སྣོན་བྱ་དགོས། རྨོ་ཞིང་བཟུང་གསབ་དོ་སྙོམས་ལམ་ལུགས་བཅོས་བསྒྱུར་དང་འཐུས་ཚང་དུ་གཏོང་བ་དང་། རྨོ་ཞིང་གི་སྤུས་ཚད་ལ་ཞིབ་བཤེར་རྩིས་ལེན་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། རྨོ་ཞིང་གི་སྐྱེ་ལྡན་སྤུས་ཚད་འགན་ལེན་དང་སྤུས་ཚད་ཇེ་མཐོར་གཏོང་བར་འགན་ལེན་ཏན་ཏིག་བྱ་དགོས། རྨོ་ཞིང་གཞི་རྩའི་ཞིང་ལས་ཐོན་རྫས་འདེབས་འཛུགས་བྱེད་པར་འགན་སྲུང་བྱེད་པའི་མ་ལག་འཐུས་ཚང་དུ་གཏོང་བ་དང་། རྒྱལ་ཡོངས་ཀྱི་རྨོ་ཞིང་འདེབས་འཛུགས་ཀྱི་སྤྱོད་སྒོ་ཞེས་པའི“དཔེ་རིས་གཅིག“འབྲི་དགོས། གྲོང་གསེབ་ཀྱི་ཕན་ནུས་དང་བར་སྟོང་གི་བཀོད་པ་ཇེ་ལེགས་སུ་གཏོང་བ། གྲོང་གསེབ་ཀྱིས་ཞིང་ལས་ཐོན་རྫས་མཁོ་སྤྲོད་དང་འབྲུ་རིགས་ཀྱི་བདེ་འཇགས་འགན་སྲུང་དང་། འབྲུ་རིགས་ཀྱི་བདེ་འཇགས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བ་སོགས་ཐད་ཀྱི་དམིགས་བསལ་ནུས་པ་འདོན་སྤེལ་བྱས་ནས།“ཁུལ་བདུན་དང་ས་རྒྱུད་ཉེར་གསུམ”གཙོ་བོར་བྱེད་པའི་ཞིང་ལས་ཐོན་རྫས་ཐོན་ཁུལ་གཙོ་བོ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏང་དགོས། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ཐོན་ལས་ཁུལ་འཛུགས་སྐྲུན་བྱེད་པ་དང་།“ཁུལ་གསུམ་དང་ས་རྒྱུད་བཞིའི”སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་པོར་འཛུགས་དགོས། གྲོང་གསེབ་ཀྱི་མཛེས་ལྗོངས་ཁྱད་ཆོས་སོར་འཇོག་དང་། རྨོ་ཞིང་ཤེས་རིག་རྒྱུན་མཐུད་བྱ་དགོས།

(གཉིས) གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏང་དགོས། རེས་སྐོར་གསར་པའི་ཞིང་ལས་སྤོ་སྒྱུར་མི་འབོར་གྲོང་མི་ཅན་དུ་འགྱུར་བའི་བྱའགུལ་སྐྱོད་ལག་བསྟར་བྱ་རྒྱུ་དང་། རྒྱུན་སྡོད་ཐོ་འགོད་ཐེམ་ཐོའི་ཐོག་ནས་གཞི་རྩའི་སྤྱི་པའི་ཞབས་ཞུའི་ལམ་ལུགས་འདོན་སྤྲོད་བྱ་རྒྱུ་ཁྱབ་སྤེལ་དུ་གཏང་དགོས།“མི་དང་ས་ཆ། དངུལ་སྒོར་བཅས་སྦྲེལ་བའི”སྲིད་ཇུས་འཐུས་ཚང་དུ་གཏོང་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གཞི་རྩའི་སྤྱི་པའི་ཞབས་ཞུས་རྒྱུན་སྡོད་མི་འབོར་ཡོངས་ལ་ཁེབས་པར་སྐུལ་འདེད་གཏོང་བ་དང་། གྲོང་ཁྱེར་དུ་གཞིས་ཆགས་པའི་ཞིང་པའི་ཁྲིམས་མཐུན་ཁེ་དབང་ཁྲིམས་ལྟར་སྲུང་སྐྱོང་བྱ་དགོས། ཁང་སའི་སྤྱོད་དབང་དང་། ཐུན་མོང་གི་ཁེ་འབབ་བགོ་བཤའི་དབང་ཆ་དེ་རང་མོས་ཀྱིས་རིན་དོད་ཡོད་པའི་སྒོ་ནས་ཕྱིར་འཐེན་བྱེད་པའི་བྱེད་ཐབས་འཚོལ་ཞིབ་བྱ་དགོས། གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་གྱི་འཛུགས་སྐྲུན་ལ་མཁོ་བའི་ས་ཆའི་ཚོང་ར་འཛུགས་དགོས། ཤེས་ལྡན་མི་སྣ་དང་ལག་རྩལ་སོགས་རྒྱུ་རྐྱེན་གཙོ་བོ་རྣམས་ཚད་ལྡན་དང་གོ་རིམ་ལྡན་པའི་སྒོ་ནས་གྲོང་གསེབ་ཏུ་འཁོར་རྒྱུག་བྱེད་པར་སྐུལ་འདེད་གཏང་དགོས། སྔོན་ལ་རྫོང་ཁོངས་སུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲུབ་ཚུལ་གཉིས་མེད་པར་བཟོ་རྒྱུ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཆར་འགོད་དང་། འཛུགས་སྐྲུན། བཅོས་སྐྱོང་བཅས་བྱེད་པར་སྐུལ་འདེད་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རྩའི་སྤྱི་པའི་ཞབས་ཞུ་དོ་སྙོམས་ཅན་དུ་འགྱུར་བར་སྐུལ་འདེད་གཏང་དགོས། ཞང་དང་གྲོང་རྡལ་དེ་གྲོང་གསེབ་བཅོས་སྐྱོང་ལྟེ་གནས་དང་། གྲོང་གསེབ་ཀྱི་ཞབས་ཞུ་ལྟེ་གནས། གྲོང་གསེབ་ཀྱི་དཔལ་འབྱོར་ལྟེ་གནས་བཅས་སུ་བསྐྲུན་ནས། རྫོང་ཁོངས་ཀྱི་ཐོན་ལས་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་དང་། དེང་རབས་ཀྱི་འདེབས་གསོའི་ལས་རིགས་དང་ཞིང་ལས་ཐོན་རྫས་ལས་སྣོན་ལས་རིགས་རྨང་གཞིར་བྱས་ཏེ། རྫོང་མཁར་ལྟེ་བར་བྱེད་པ་དང་། གྲོང་ཁྱེར་དང་གྲོང་རྡལ་ཆུང་གྲས་ཀྱིས་ཚིགས་གནས་སུ་བྱེད་པའི་རྫོང་ཁོངས་དཔལ་འབྱོར་མ་ལག་འཛུགས་དགོས།

(གསུམ) རིགས་དབྱེ་ནས་གྲོང་གསེབ་ཕྱོགས་ཡོངས་དར་སྤེལ་ལ་སྐུལ་འདེད་གཏང་དགོས། གྲོང་ཚོའི་རིགས་འབྱེད་ཚད་གཞི་ཞིབ་ཕྲ་ཅན་དུ་གཏོང་བ་དང་། འཕེལ་རྒྱས་ཀྱི་དམིགས་འབེན་ཚན་རིག་དང་མཐུན་པའི་སྒོ་ནས་གཏན་འཁེལ་བྱེད་དགོས། མཐོ་རུ་གཏོང་བའི་རིགས་ཀྱི་གྲོང་ཚོ་གཙོ་གནད་དུ་བཟུང་སྟེ་ཐོན་ལས་འཕེལ་རྒྱས་གཏོང་བར་ཤུགས་བསྣན་ནས་རྨང་གཞིའི་སྒྲིག་བཀོད་བསྒྱུར་བཀོད་དང་རིམ་སྤར་བྱ་དགོས། དམངས་འཚོ་འགན་སྲུང་དང་། ལས་ཞུགས་འབབ་འཕར། སྐྱེ་ཁམས་སྲུང་སྐྱོང་སོགས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱས་ནས་དུས་ཐུང་ནང་བརྡར་ཤ་གཅོད་དཀའ་བའི་གྲོང་ཚོར་ལྟ་ཞིབ་དང་རིགས་པས་ཁུངས་སྐྱེལ་གྱི་དུས་ཚོད་འདང་ངེས་བཞག་ནས། གཞི་རྩའི་དམངས་འཚོའི་དགོས་མཁོ་གཙོ་གནད་དུ་བཟུང་ནས་འགན་སྲུང་བྱ་དགོས།

(བཞི) དབུལ་ཐར་ས་ཁུལ་ཕྱོགས་ཡོངས་དར་སྤེལ་ལ་སྐུལ་འདེད་གཏང་དགོས། བར་བརྒལ་དུས་སྐབས་ནང་རོགས་སྐྱོར་སྲིད་ཇུས་གཙོ་བོ་སྤྱི་ཡོངས་ནས་བརྟན་པོ་རྒྱུན་འཁྱོངས་དང་། དབུལ་པོར་འགྱུར་བར་སྔོན་འགོག་བྱེད་པ། རོགས་སྐྱོར་བྱེད་ཐབས་དོན་འཁྱོལ། གྲོང་གསེབ་ཀྱི་མི་འབོར་ཡོངས་ལ་ཁེབས་པའི་རྒྱུན་རྣམ་ཅན་གྱི་དབུལ་པོར་འགྱུར་བར་སྔོན་འགོག་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏང་དགོས། གཞི་ཁྱོན་རང་བཞིན་གྱི་དབུལ་ཕོངས་ལས་ཐར་བའི་ཚད་མཐའ་དམ་པོར་སྲུང་དགོས། དབུལ་ཐར་ས་ཁུལ་གྱི་ཞིང་སྡེའི་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་མྱུར་དུ་ཁ་གསབ་བྱས་ཏེ། ཐོན་ལས་འཕེལ་རྒྱས་གཏོང་བར་མཁོ་བའི་ལེ་ལག་ཚང་བའི་སྒྲིག་བཀོད་སྔོན་ལ་བཀོད་སྒྲིག་བྱེད་དགོས། དབུལ་ཕོངས་ས་ཁུལ་གྱི་རོགས་སྐྱོར་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། འཚར་ལོངས་རང་བཞིན་ལེགས་པ། སྐུལ་ཁྲིད་ནུས་པ་ཆེ་བ་བཅས་ཀྱི་རོགས་སྐྱོར་ཐོན་ལས་མ་ལག་འཛུགས་པ་དང་། ཁྱད་ཆོས་ལྡན་པའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ། འཛད་སྤྱོད་རོགས་སྐྱོར་ལ་སྐུལ་འདེད་གཏོང་བ། དབུལ་ཐར་མང་ཚོགས་ཐོན་ལས་འཕེལ་རྒྱས་དང་ལོངས་སྤྱོད་ནང་ཞུགས་པའི་ཕན་ཁེ་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཤར་ནུབ་རྒྱུད་ཀྱི་རོགས་ལས་ཟབ་སྤེལ། དམིགས་འཛུགས་རོགས་སྐྱོར་བཅས་བྱས་ནས་ལག་གདང་སྦྲེལ་ནས་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་འགུལ་སྐྱོད་ལ་སྐུལ་འདེད་གཏོང་བ་དང་། དཔལ་འབྱོར་བལྟོས་བཅས་ཀྱི་དར་རྒྱས་ཆེ་བའི་ས་ཁུལ་དེ་དབུལ་བྲལ་གྱི་ཐོན་ལས་མཉམ་སྤེལ་བྱེད་པར་བསྔགས་སྐུལ་བྱ་དགོས། རོགས་སྐྱོར་སྲིད་ཇུས་མ་ལག་དེ་གྲོང་གསེབ་ཕྱོགས་ཡོངས་དར་སྤེལ་ལ་སྐུལ་འདེད་གཏོང་བ་དང་། གྲོང་གསེབ་ཀྱི་ཡོང་འབབ་དམའ་བའི་མི་འབོར་དང་དར་རྒྱས་མི་ཆེ་བའི་ས་ཁུལ་གྱི་རིམ་པ་ཕྱེ་ནས་རོགས་སྐྱོར་བྱེད་པའི་ལམ་ལུགས་འཛུགས་པ་དང་། ངལ་རྩོལ་བྱེད་ནུས་ལྡན་པའི་མི་གྲངས་དང་། ཐོན་ལས་ལས་ཞུགས་སོགས་གསར་སྤེལ་རྣམ་པའི་རོགས་སྐྱོར་བྱེད་ཐབས་དོན་འཁྱོལ་བྱ་རྒྱུ་དང་། ངལ་རྩོལ་བྱེད་ནུས་མི་འདང་བ། ཐོན་ལས་ཀྱི་ལས་ཞུགས་ལ་བརྟེན་ནས་ཡོང་འབབ་བརྟན་པོ་ཐོབ་པའི་མི་འབོར་ལ་འབྲེལ་ཡོད་སྤྱི་ཚོགས་ཀྱི་རོགས་སྐྱོབ་སྲིད་ཇུས་འཐུས་ཚང་དུ་གཏང་དགོས། དབུལ་ཐར་མཁྲེགས་གཏོར་རྒྱལ་ཁབ་ཀྱིས་མ་རྩ་གྲུབ་པའི་ཡུན་ཕན་དོ་དམ་རྐྱེན་སྲོལ་འཐུས་ཚང་དུ་གཏང་དགོས། དར་རྒྱས་མེད་པའི་ས་ཁུལ་གྱི་རྫོང་ཁོངས་དར་རྒྱས་གོང་འཕེལ་གཏོང་བར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རོགས་སྐྱོར་རོགས་ལས་ལམ་སྲོལ་གསར་གཏོད་བྱ་དགོས།

གསུམ། དེང་རབས་ཞིང་ལས་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་། ཕྱོགས་ཡོངས་ནས་འབྲུ་རིགས་བདེ་འཇགས་ཀྱི་རྨང་གཞི་བརྟན་པོ་འདིང་དགོས།

ལྔ། འབྲུ་རིགས་དང་ཞིང་ལས་ཐོན་རྫས་གལ་ཆེན་མཁོ་སྤྲོད་འགན་སྲུང་བྱེད་པའི་ཆུ་ཚད་ཇེ་མཐོར་གཏང་དགོས། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ལ་ཁག་ཐེག་བྱ་རྒྱུ་དེ་དེང་རབས་ཞིང་ལས་འཛུགས་སྐྲུན་གྱི་ལས་འགན་ཨང་དང་པོར་བརྩིས་ནས། འབྲུ་རིགས་བདེ་འཇགས་དང་ཏང་སྲིད་འགན་འཁྲི་གཅིག་གྱུར་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། རྒྱ་ཁྱོན་བརྟན་པོ་དང་ཐོན་སྐྱེད་བྱེད་ནུས་ཆེ་རུ་གཏོང་བ་རྒྱུན་འཁྱོངས་བྱས་ནས། འབྲུ་རིགས་འདེབས་ཁྱོན་མུའུ་དུང་ཕྱུར17.5ཡས་མས་དང་ལོ་ཏོག་རྒྱ་ཁྱོན་མུའུ་དུང་ཕྱུར14.5ཡས་མས་སུ་བརྟན་པོ་ཡོང་བར་འགན་ལེན་བྱ་དགོས། འབྲུ་རིགས་མུའུ་རེའི་ཐོན་ཚད་མཐོ་རུ་གཏོང་བའི་བཟོ་འགོད་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་ནས། འབྲུ་རིགས་ཐོན་ནུས་བརྟན་པོའི་ངང་སྐས་རིམ་དུང་ཕྱུར་ཁྲི1.4ལ་སླེབས་པར་སྐུལ་འདེད་གཏོང་རྒྱུ་དང་། རྒྱལ་ཁབ་ཀྱི་སྲན་ཆེན་དང་སྣུམ་རྒྱུའི་ཐོན་ནུས་ཆེ་རུ་གཏོང་བའི་བཟོ་འགོད་ལག་བསྟར་གཏིང་ཟབ་བྱས་ནས། རྒྱལ་ཁབ་ཀྱི་སྲན་ཆེན་དང་སྣུམ་རྒྱུའི་ཐོན་ནུས་ཆེ་རུ་གཏོང་རྒྱུ།“ཚལ་སླེའི“ཧྲི་ཀྲང་གིས་འགན་འཁུར་བའི་ལམ་ལུགས་གཟབ་ནན་དུ་གཏོང་བ་དང་། ཞིང་ལས་ཀྱི་ལྟ་བ་དང་ཟས་རིགས་ཀྱི་ལྟ་བ་བཞེངས་སྐྲུན་བྱས་ཏེ། ཞིང་ནགས་འབྲོག་ཉ་བཅས་མཉམ་དུ་སྤེལ་བ་དང་། སྣ་མང་ཅན་གྱི་ཟས་རིགས་མཁོ་སྤྲོད་མ་ལག་འཛུགས་དགོས། མངར་ཆ་དང་རང་བྱུང་འགྱིག་གཞིའི་འཛུགས་སྐྲུན་ལ་ཤུགས་བསྣན་ནས། ཚོང་རའི་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བའི་མ་ལག་འཐུས་ཚང་དུ་གཏོང་བ་དང་། འབྲུ་རིགས་ཚོང་ར་ཅན་དུ་འགྱུར་བའི་ཉོ་སྒྲུབ་དང་སྲིད་ཇུས་རང་བཞིན་གྱི་བསྡུ་ཉར་གཅིག་གྱུར་གྱིས་ལེགས་པོར་བསྒྲུབ་པ། གསོག་འཇོག་མ་ལག་དང་ལམ་ལུགས་འཛུགས་སྐྲུན་འཐུས་ཚང་དུ་གཏོང་བ། ཕྲེང་འབྲེལ་ཡོངས་ཀྱི་གྲོན་ཆུང་དང་སྐྱོན་ཆག་ཇེ་ཉུང་དུ་གཏོང་བ་དང་། ཕག་དང་སྲིང་བལ། མངར་ཆའི་ཚོང་ར་བཅས་སྙོམས་སྒྲིག་བྱེད་པའི་ནང་རྐྱེན་ཇེ་ལེགས་སུ་གཏོང་བ་དང་། མཁོ་བསྟུན་འགན་ལེན་དང་མཁོ་སྤྲོད་བྱེད་ནུས་ཆེ་རུ་གཏང་དགོས།

(དྲུག)ཞིང་ལས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་བརྒྱག་དགོས། ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་ལ་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་སྟེ། ཆ་རྐྱེན་འཛོམས་པའི་ཡུན་གཏན་གྱི་གཞི་རྩའི་ཞིང་ས་རིམ་བཞིན་ཚད་གཞི་མཐོ་བའི་ཞིང་ཁར་བསྐྲུན་པར་སྐུལ་འདེད་གཏང་དགོས། འཛུགས་སྐྲུན་གྱི་ཚད་གཞི་དང་སྤུས་ཚད་མཐོ་རུ་གཏོང་བ་དང་། འཛུགས་སྐྲུན་དང་ཞིབ་བཤེར་རྩིས་ལེན། དོ་དམ་སྲུང་སྐྱོང་བཅས་ཀྱི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཞིང་ལས་གཉེར་སྐྱོང་གཙོ་གཞི་གསར་གྲས་དང་གྲོང་གསེབ་ཀྱི་ཐུན་མོང་དཔལ་འབྱོར་རྩ་འཛུགས་སོགས་འཛུགས་སྐྲུན་དང་བདག་སྐྱོང་ཁྲོད་ཞུགས་པར་རྒྱབ་སྐྱོར་དང་ཁྲིད་སྟོན་བྱ་དགོས། རྨོ་ཞིང་གི་ས་ཆ་སྲུང་སྐྱོང་ཁ་གསབ་སྤྲོད་རྒྱུ་དེ་རྨོ་ཞིང་སྲུང་སྐྱོང་གི་འགན་འཁྲི་དོན་འཁྱོལ་བྱ་རྒྱུ་དང་ཟུང་འབྲེལ་བྱས་ནས། རྒྱལ་ཁབ་ཀྱི་ས་ནག་སྲུང་སྐྱོང་ལས་གཞི་ལག་བསྟར་གཏིང་ཟབ་བྱས་ནས་ཞིང་ཆུ་གཏོང་ཁུལ་འཛུགས་སྐྲུན་དང་བསྒྱུར་བཀོད་ཇེ་མགྱོགས་སུ་གཏང་དགོས། སྒྲིག་བཀོད་འདེབས་གསོའི་ལས་རིགས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། སྲོ་སྐམ་དང་དངོས་ཟོག་སྐྱེལ་འདྲེན་སོགས་ཀྱི་སྒྲིག་ཆས་འཐུས་ཚང་དུ་གཏང་དགོས། ཞིང་ལས་ཐོན་སྐྱེད་ཀྱི་གནོད་འགོག་གནོད་སེལ་གྱི་ནུས་པ་ཆེ་རུ་གཏོང་བ་དང་། ཞིང་ལས་གནམ་གཤིས་ཀྱི་གནོད་འཚེར་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བར་ཤུགས་སྣོན་རྒྱག་དགོས། སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོང་ལས་གཞི་ལག་བསྟར་བྱས་ནས་ཞིང་ལས་སྐྱེ་དངོས་ཀྱི་ནད་འབུའི་གནོད་འཚེ་འགོག་བཅོས་དང་སྲོག་ཆགས་ཀྱི་རིམས་འགོག་མ་ལག་འཐུས་ཚང་དུ་གཏང་དགོས།

(བདུན)ཞིང་ལས་ཚན་རྩལ་དང་སྒྲིག་ཆས་ཀྱི་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏང་དགོས། ཚན་རྩལ་གསར་གཏོད་མ་ལག་ཇེ་ལེགས་སུ་གཏོང་བ་དང་། རྨང་གཞིའི་ཞིབ་འཇུག་དང་སྤྱི་ཕན་རང་བཞིན་གྱི་ཞིབ་འཇུག་ཚན་ཞིབ་ལས་ཁུངས་བརྟན་པོ་ཡོང་བར་བྱས་ནས། ཚན་རྩལ་གསར་གཏོད་རིགས་འབྱེད་གདེང་འཇོག་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏང་དགོས། ཚན་རྩལ་གྱི་རྨང་གཞིའི་སྒྲིག་ཆས་གལ་ཆེན་འཛུགས་སྐྲུན་དང་། ཐོག་མའི་གསར་གཏོད་རང་བཞིན་གྱི་ཞིབ་འཇུག་བྱེད་ཤུགས་ཆེ་རུ་གཏོང་བ། འགག་རྩའི་ལྟེ་བའི་ལག་རྩལ་འགག་སྒྲོལ་བྱེད་ཤུགས་ཆེ་རུ་གཏོང་བ། ལག་རྩལ་ཕྱོགས་བསྡུས་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ། ཞིང་ལས་ལག་རྩལ་ཁྱབ་སྤེལ་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏང་དགོས། འདེབས་ལས་དར་སྤེལ་ཇེ་མགྱོགས་སུ་གཏོང་བ་དང་། སོན་རྒྱུའི་ཐོན་ཁུངས་ཉར་ཚགས་གསལ་འབྱེད་སོགས་སྒྲིག་བཀོད་སྟེགས་བུ་འཛུགས་སྐྲུན་བྱ་རྒྱུ། ལྟེ་བའི་སོན་རྒྱུའི་ལག་རྩལ་འགག་སྒྲོལ་བྱེད་ཚད་མགྱོགས་སུ་གཏོང་རྒྱུ། ཁེ་ལས་ཀྱི་ཚན་རྩལ་གསར་གཏོད་ཀྱི་གཙོ་གཞིའི་གནས་བབ་ལ་ཤུགས་བསྣན་ཏེ་འདེབས་གསོའི་ཁེ་ལས་ཆེ་གྲས་གསོ་སྐྱོང་བྱ་དགོས། ཞིང་འཕྲུལ་སྒྲིག་ཆས་ཀྱི་ཞན་ཆ་གསབ་པའི་འགུལ་སྐྱོད་སྤེལ་བ་དང་། མཐོ་རིམ་རིག་ནུས་ཞིང་འཕྲུལ་དང་རི་མ་ཐང་གི་རི་ཁུལ་དུ་འཕྲུལ་ཆས་ཆུང་བ་སོགས་ཞིང་འཕྲུལ་སྒྲིག་ཆས་དང་འགག་རྩའི་ལྷུ་ལག་ཞིབ་འཇུག་གསར་སྤེལ་དང་བེད་སྤྱོད་བྱེད་ཚད་ཇེ་མགྱོགས་སུ་གཏང་དགོས།

(བརྒྱད) འབྲུ་རིགས་ཐོན་སྐྱེད་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏང་དགོས། འབྲུ་རིགས་འདེབས་མཁན་ཞིང་པའི་ཡོང་འབབ་འགན་སྲུང་ནང་རྐྱེན་འཐུས་ཚང་དུ་གཏོང་བ། འབྲུ་རིགས་ཐོན་སྐྱེད་ཀྱི་ཁ་གསབ་འཐུས་ཚང་དུ་གཏོང་བ། ཉོ་སྒྲུབ་ཀྱི་རིན་གོང་དམའ་ཤོས་ཀྱི་སྲིད་ཇུས་དོན་འཁྱོལ་བྱེད་པ། ཞིང་ལས་རྒྱུ་ཆ་མཁོ་སྤྲོད་ཀྱི་རིན་གོང་བརྟན་པོའི་ངང་གོང་ལ་ཁ་གཏད་འཇལ་བའི་ནང་རྐྱེན་འཐུས་ཚང་དུ་གཏང་དགོས། འབྲུ་རིགས་ལོ་ཏོག་གི་རྩ་བའི་མ་གནས་དང་འདེབས་འཛུགས་ཡོང་སྒོའི་འགན་བཅོལ་སྲིད་ཇུས་དོན་འཁྱོལ་བྱས་ནས། ཆ་རྐྱེན་ཡོད་པའི་ཞིང་ཆེན་གྱིས་ཁྱད་པར་ཡོད་པའི་དངུལ་སྲུང་ཁ་གསབ་སྲིད་ཇུས་ལག་བསྟར་བྱེད་པར་བསྔགས་སྐུལ་དང་། འབྲུ་རིགས་ཐོན་ཁུལ་གྱི་རྫོང་ཆེན་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏང་དགོས། འབྲུ་རིགས་ཐོན་ཁུལ་གཙོ་བོའི་ཁེ་ཕན་ཁ་གསབ་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། འབྲུ་རིགས་ཐོན་ཁུལ་གཙོ་བོར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ཐོན་འབྲུ་རྫོང་ཆེ་གྲས་ཀྱི་བྱ་དགའི་མ་དངུལ་གྱི་གཞི་ཁྱོན་ལུགས་མཐུན་གྱིས་བཀོད་སྒྲིག་བྱས་ཏེ། འབྲུ་རིགས་ཐོན་འབོར་ཆེ་བའི་རྫོང་གི་སྤྱི་པའི་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ་བཅས་ཀྱི་འགུལ་སྐྱོད་ལག་བསྟར་བྱས་ཏེ། འབྲུ་རིགས་ཐོན་འཚོང་ཁུལ་གྱི་ཞིང་ཆེན་བར་གྱི་འཕྲེད་ཕྱོགས་ཀྱི་ཁེ་ཕན་ཁ་གསབ་རྐྱེན་སྲོལ་གཅིག་གྱུར་གྱིས་བཙུགས་ནས་མཉམ་ལས་ཀྱི་འབྲེལ་བ་བརྟན་པོ་འཛུགས་དགོས།

བཞི། གྲོང་གསེབ་ཀྱི་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་དང་ཞིང་པའི་ཡོང་འབབ་འཕར་སྣོན་ལ་སྐུལ་འདེད་གཏང་དགོས།

(དགུ) དེང་རབས་གྲོང་གསེབ་ཀྱི་ཐོན་ལས་མ་ལག་འཛུགས་དགོས། དེང་རབས་ཀྱི་ཞང་དང་གྲོང་ཚོའི་ཐོན་ལས་གསོ་སྐྱོང་དང་། ཡུལ་ཐོན་དངོས་རྫས་ཀྱི་དར་སྤེལ་བྱ་བ་ལེགས་པོར་བསྒྲུབ་ཏེ། གྲོང་གསེབ་ཀྱི་འདེབས་གསོའི་ལས་རིགས་དང་། ལས་སྣོན། འཁོར་རྒྱུག་བཅས་འཕེལ་རྒྱས་གཏང་དགོས། གྲོང་གསེབ་ཀྱི་ཞབས་ཞུའི་ལས་རིགས། ཞིང་ལས་ཐོན་རྫས་གཙོ་བོའི་ཐོན་ཁུལ་དང་ཁྱད་ལྡན་ཞིང་ལས་ཐོན་རྫས་ཀྱི་ལེགས་ཆའི་ཁུལ་གཙོ་གནད་དུ་བཟུང་ནས། དེང་རབས་ཀྱི་གྲོང་གསེབ་ཀྱི་ཐོན་ལས་བར་ཁྱམས་གཏོད་དེ་ཞིང་ལས་ཐོན་རྫས་ཟོང་རྟགས་ཀྱི་སྤུས་དག་གསོ་སྐྱོང་འཆར་གཞི་ལག་བསྟར་བྱ་དགོས། ཐོན་ལས་ཕྲེང་འབྲེལ་གྱི་སྒྲིག་འཛུགས་བྱེད་སྟངས་ཇེ་ལེགས་སུ་གཏོང་བ་དང་། ཞིང་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་གསོ་སྐྱོང་དང་། ཁེ་ལས་ཀྱིས་མཉམ་དུ་ཐོན་ལས་ཕྲེང་འབྲེལ་འཛུགས་པར་རྒྱབ་སྐྱོར་བྱས་ནས་ཐོན་ལས་འཕེལ་རྒྱས་ཀྱི་གཞི་རྟེན་འཛུགས་པ་དང་། རྫོང་ཁོངས་ཀྱི་གྲོང་གསེབ་ཀྱི་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ཀྱི་རྣམ་གྲངས་འཛུགས་སྐྲུན་ལ་རྒྱབ་སྐྱོར། ལེགས་ཆ་ལྡན་པའི་ཁྱད་ལྡན་ཐོན་ལས་ཁྱུ་ཚོགས་འཕེལ་རྒྱས་སུ་གཏང་དགོས།

(བཅུ) གྲོང་གསེབ་ཀྱི་ཐོན་ལས་གཅིག་གཉིས་གསུམ་མཉམ་འདྲེས་ངང་འཕེལ་རྒྱས་གཏང་དགོས། ཞིང་ལས་ཐོན་རྫས་ལས་སྣོན་ལས་རིགས་གོང་དུ་སྤེལ་བའི་འགུལ་སྐྱོད་ལག་བསྟར་བྱ་རྒྱུ། ཐོན་ཁུལ་གཙོ་བོའི་འཛུགས་སྐྲུན་ལས་སྣོན་ཐོན་ལས་གླིང་འཛུགས་སྐྲུན་དང་། འཁོར་རྒྱུག་རྐང་འཛིན་དྲ་བ་འཐུས་ཚང་དུ་གཏོང་རྒྱུ། སྡེབ་འཚོང་ཚོང་ར་བསྒྱུར་བཀོད་དང་རིམ་སྤར་བྱས་ནས་གྲོང་ཁྱེར་ཉེ་འདབས་ཀྱི་མཛོད་ཁང་ཆེན་པོའི་རྟེན་གཞི་འཛུགས་སྐྲུན་དང་། གྲོང་གསེབ་ཀྱི་གློག་ཚོང་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལས་གཞི་ལག་བསྟར་བྱ་རྒྱུ། གོ་རིམ་ལྡན་པའི་ངང་ཞིང་ལས་རོལ་མྱོང་སོགས་ཀྱི་ལས་རྣམ་གསར་པ་འཕེལ་རྒྱས་སུ་བཏང་སྟེ། དེང་རབས་ཀྱི་ཞིང་ལས་དང་སྤྲོ་གསེང་ཡུལ་སྐོར། ཞིང་ཁའི་སྡེ་ཁུལ་བཅས་མཉམ་འདྲེས་ངང་འཕེལ་རྒྱས་ཀྱི་བྱེད་སྟངས་འཚོལ་ཞིབ་བྱེད་དགོས།

(བཅུ་གཅིག) ཞིང་པའི་ཡོང་འབབ་འཕར་སྣོན་བྱེད་ཐབས་ལ་ཤུགས་བརྒྱག་དགོས། ཞོར་ལས་པའི་ལས་ཞུགས་བརྟན་པོའི་སྲིད་ཇུས་དང་ཁེ་དབང་འགན་སྲུང་ལམ་སྲོལ་དོན་འཁྱོལ་བྱས་ཏེ། ནུས་རྩལ་གསོ་སྦྱོང་དང་ལས་ཞུགས་ཞབས་ཞུར་ཤུགས་བསྣན་ནས་ཕ་ཡུལ་དུ་ལོག་ནས་ལས་ལམ་གསར་འབྱེད་བྱེད་པར་རྒྱབ་སྐྱོར་བྱ་དགོས། རྒུད་གསབ་ལས་སྤྲོད་རྣམ་གྲངས་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཐོན་ལས་ཕྲང་འབྲེལ་གྱི་ཁེ་ཕན་མཉམ་འབྲེལ་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ཞིང་ལས་ཐོན་ལས་ཅན་དུ་འགྱུར་བའི་མཉམ་འབྲེལ་སྒྲིག་གཞི་འཕེལ་རྒྱས་གཏོང་བ། ཁེ་ལས་དང་ཞིང་དུད་ཆུང་བས་ཁེ་ཕན་གྱི་འབྲེལ་བར་ཤུགས་སྣོན་པར་ཁྲིད་སྟོན་བཅས་བྱ་དགོས། གནས་ཐང་འཕར་བའི་ཁེ་ཕན་བགོ་བཤའ་དེ་ཞིང་དུད་ལ་ཕྱོགས་ཆ་ལྡན་པར་བྱ་དགོས། ཞིང་ལས་གཉེར་སྐྱོང་གི་གཙོ་གཞི་གསར་པ་གསོ་སྐྱོང་དང་སྟོབས་ཆེར་གཏོང་བ་དང་། འབྲེལ་ཡོད་རོགས་སྐྱོར་སྲིད་ཇུས་དང་ཞིང་དུད་ཀྱི་ཡོང་འབབ་འཕར་སྣོན་ལ་སྐུལ་འདེད་གཏོང་རྒྱུ་ཟུང་འབྲེལ་བྱ་དགོས།

(བཅུ་གཉིས) གྲོང་གསེབ་ཀྱི་འཛད་སྤྱོད་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏང་དགོས། རྫོང་ཁོངས་ཀྱི་ཚོང་ལས་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། གློག་རྡུལ་ཚོང་དོན་དང་དངོས་ཟོག་སྐྱེལ་འདྲེན་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ། རྫོང་ཁོངས་ཀྱི་བསྡུ་སྒྲིག་ལྟེ་གནས་འཛུགས་སྐྲུན་བཅས་བྱས་ནས་འགྲུལ་ཟོག་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏང་དགོས། འཛད་སྤྱོད་རྒྱ་སྐྱེད་ཇེ་མགྱོགས་སུ་གཏོང་བ། གྲོང་གསེབ་ལ་ཁ་ཕྱོགས་པའི་ཐོན་རྫས་གསར་གཏོད་དང་ཚོང་གཉེར་བྱེད་ཤུགས་ཆེ་རུ་གཏོང་བ། ནུས་ཁུངས་གསར་པའི་རླངས་འཁོར་དང་། ལྗང་མདོག་རིག་ནུས་ཁྱིམ་སྤྱོད་གློག་ཆས་སོགས་གྲོང་གསེབ་ཏུ་འདྲེན་པར་རྒྱབ་སྐྱོར་དང་། འཛད་སྤྱོད་དངོས་རྫས་རྙིང་ཚབ་གསར་བརྗེའི་འགུལ་སྐྱོད་གཏིང་ཟབ་ཏུ་སྤེལ་བ། ཆ་འཕྲིན་འཛད་སྤྱོད་ལ་སྐུལ་མ་བཏང་ནས་འཛད་སྤྱོད་རིམ་སྤར་ལ་སྐུལ་འདེད་གཏོང་བ་དང་། གྲོང་གསེབ་ཀྱི་འཚོ་བའི་ཞབས་ཞུའི་ལས་རིགས་འཕེལ་རྒྱས་གཏོང་བ་དང་། གྲོང་གསེབ་ཀྱི་འཛད་སྤྱོད་ཚོང་རའི་གཙང་སྒྱུར་འགུལ་སྐྱོད་ལག་བསྟར་བྱས་ནས་འཛད་སྤྱོད་ཀྱི་ལེ་ལག་ཚང་བའི་སྒྲིག་ཆས་འཐུས་ཚང་དུ་གཏང་དགོས།

ལྔ། གྲོང་གསེབ་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་རིགས་མི་འདྲ་བའི་ཤེས་ལྡན་མི་སྣ་གྲོང་གསེབ་ཕྱོགས་ཡོངས་དར་སྤེལ་ཁྲོད་ཞུགས་པར་འགུག་དགོས།

(བཅུ་གསུམ) གྲོང་གསེབ་ཀྱི་ཤེས་ལྡན་མི་སྣའི་དཔུང་ཁག་སྟོབས་ཆེན་དུ་གཏང་དགོས། བྱང་ཚད་མཐོ་བའི་ཞིང་པ་གསོ་སྐྱོང་གི་འཆར་གཞི་དང་གྲོང་གསེབ་ཀྱི་ཐོན་ལས་དར་སྤེལ་གཏོང་བའི་སྣེ་ཁྲིད་པ་གསོ་སྐྱོང་བྱེད་པའི་རྣམ་གྲངས་ལག་བསྟར་བྱས་ཏེ། ན་གཞོན་ཞིང་པ་དང་ཞིང་ལས་གཉེར་སྐྱོང་གཙོ་གཞི་གསར་པར་གསོ་སྐྱོང་སྦྱོང་བརྡར་དང་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏང་དགོས། གྲོང་གསེབ་ཀྱི་སྤྱོད་གོ་ཆོད་པའི་ཤེས་ལྡན་མི་སྣའི་སྣེ་ཁྲིད་པའི་གསོ་སྦྱོང་འཆར་གཞི་ལག་བསྟར་དང་། གཞོན་ནུ་རྣམས་ཞང་དུ་འཕེལ་རྒྱས་དང་ལས་ཞུགས་དང་ལས་ལམ་གསར་འབྱེད་བྱེད་པར་བསྔགས་སྐུལ་དང་ཁྲིད་སྟོན་བྱས་ནས། ཞིང་ལས་དང་གྲོང་གསེབ་ཀྱི་ཚན་རྩལ་སྣེ་ཁྲིད་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ཚན་རྩལ་ཁང་ཆུང་གྲས་སོགས་ཀྱི་རྣམ་པར་བརྟེན་ནས་ཞིང་ལས་དང་འབྲེལ་བ་ཡོད་པའི་སློབ་གསོ་དང་ཐོན་སྐྱེད་ལག་ལེན་ཟུང་འབྲེལ་དམ་ཟབ་བྱེད་པར་སྐུལ་འདེད་གཏང་དགོས། ཞིང་ལས་ལག་རྩལ་ཁྱབ་གདལ་དུ་གཏོང་བའི་ཤེས་ལྡན་མི་སྣ་གསོ་སྐྱོང་དང་། ཚན་རྩལ་ཆེད་མངགས་པའི་དཔུང་སྡེ་སྟོབས་ཆེན་དུ་གཏང་དགོས། གྲོང་གསེབ་ཀྱི་སྤྱི་པའི་ཞབས་ཞུ་དང་བཅོས་སྐྱོང་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་དང་། ཞང་དང་གྲོང་ཚོའི་ཤེས་ལྡན་མི་སྣའི་རྒྱབ་སྐྱོར་འཆར་གཞི་དང་ཤེས་ལྡན་མི་སྣའི་འདེགས་སྐྱོར་རྣམ་གྲངས་ལག་བསྟར་བྱས་ཏེ། ཚན་འདུས་སྨན་པའི་དམིགས་བསལ་ལས་གནས་འཆར་གཞི་དང་མངགས་ཐོ་གཏན་འཁེལ་གྱི་གསོ་རིག་སློབ་མར་སློབ་ཡོན་མི་དགོས་པར་གསོ་སྐྱོང་བྱེད་པ་སོགས་བྱས་ཏེ། གྲོང་ཚོའི་སྨན་པས་ལས་གཉེར་ལས་རོགས་སྨན་པར་འགྱུར་བར་སྐུལ་འདེད་བཏང་ནས། གྲོང་གསེབ་ཀྱི་བཅའ་ཁྲིམས་ཤེས་ལྡན་མི་སྣ་དང་བྱིས་པར་ཞབས་འདེགས་ཞུ་བའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པར་ཤུགས་བསྣན་དགོས།

(བཅུ་བཞི) གྲོང་གསེབ་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་མ་ལག་འཐུས་ཚང་དུ་གཏང་དགོས། ཞིང་ལས་དང་འབྲེལ་བ་ཡོད་པའི་མཐོ་རིམ་སློབ་གསོའི་མ་ལག་འཐུས་ཚང་དུ་གཏོང་བ་དང་། ལས་རིགས་སློབ་གསོ་ཇེ་ལེགས་སུ་གཏོང་བ། ཆ་རྐྱེན་འཛོམས་པའི་གྲོང་ཚོའི་ལས་བྱེད་པ་དང་ཞིང་པ་སོགས་ཀྱིས་མཐོ་རིམ་སློབ་གྲྭར་རྒྱུགས་སྤྲོད་པར་བསྔགས་སྐུལ་བྱ་དགོས། གྲོང་ཚོ་གཅིག་ལ་སློབ་ཆེན་སློབ་མ་གཅིག་གསོ་སྐྱོང་འཆར་གཞི་མུ་མཐུད་ལག་བསྟར་དང་། ཞིང་ལས་དང་འབྲེལ་བ་ཡོད་པའི་གསོ་སྦྱོང་མ་ལག་འཐུས་ཚང་དུ་གཏོང་བ། གསོ་སྦྱོང་ཐོན་ཁུངས་སྣ་ཚོགས་གཅིག་གྱུར་གྱིས་འཆར་འགོད་བྱས་ནས་གྲོང་གསེབ་ཀྱི་ལས་རིགས་སློབ་གསོ་དང་དར་མའི་སློབ་གསོར་ཤུགས་བརྒྱག་དགོས་པ་དང་། གྲོང་གསེབ་ཀྱི་གྲངས་འཛིན་ཤེས་ལྡན་མི་སྣ་དང་གློག་ཚོང་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པར་ཤུགས་བསྣན་དགོས།

(བཅོ་ལྔ) གྲོང་གསེབ་ཀྱི་ཤེས་ལྡན་མི་སྣའི་འགན་སྲུང་ནང་རྐྱེན་འཐུས་ཚང་དུ་གཏང་དགོས། ཤེས་ལྡན་མི་སྣས་དུས་བཀག་ལྟར་གྲོང་གསེབ་ཏུ་ལོག་པའི་མི་སྣ་དང་། དམག་ཁོངས་ནས་ཕྱིར་ལོག་པའི་དམག་མི། ལས་འཁྱུར་ངལ་གསོའི་ཆེད་མཁས་པ་སོགས་གྲོང་གསེབ་ཕྱོགས་ཡོངས་དར་སྤེལ་ཁྲོད་ཞུགས་པར་རྒྱབ་སྐྱོར་བྱ་དགོས། རྫོང་ཁོངས་ཀྱི་ཤེས་ལྡན་མི་སྣའི་གཅིག་གྱུར་འཆར་འགོད་བེད་སྤྱོད་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། ཚན་རྩལ་དང་སྨན་བཅོས། སློབ་གསོ་བཅས་ཀྱི་ལས་བྱེད་པའི་ཤེས་ལྡན་མི་སྣའི“ཚོགས་སྒྲིག་རྣམ་པའི”རོགས་སྐྱོར་ལ་སྐུལ་འདེད་གཏོང་བ་དང་། སློབ་ཆེན་སློབ་མའི་དང་བླངས་ཞབས་ཞུའི་ནུབ་རྒྱུད་ཀྱི་འཆར་གཞི་ལག་བསྟར་བྱ་དགོས། ས་གནས་སོ་སོས་མིང་བཏགས་ཞིབ་དཔྱད་བྱེད་པར་ཁ་ཕྱོགས་གཏན་འཁེལ་གྱིས་གདེང་འཇོག་བྱེད་པ་དང་། ཤེས་ལྡན་མི་སྣ་རིགས་སོ་སོ་གྲོང་གསེབ་ཏུ་ཞུགས་པར་སྐུལ་མ་གཏོང་བ་དང་། ཕ་ཡུལ་དུ་ལོག་པའི་ཤེས་ལྡན་མི་སྣའི་ཞབས་ཞུའི་འགན་སྲུང་བྱ་བ་ལེགས་པོར་བསྒྲུབ་པར་ཁྲིད་སྟོན་བྱས་ཏེ། ཆ་རྐྱེན་དང་མཐུན་པའི་གྲོང་གསེབ་ཏུ་ལོག་པའི་ལས་སྐྲུན་མི་སྣ་ཞིང་ལས་དང་འབྲེལ་བ་ཡོད་པའི་ལས་ཞུགས་མི་སྣའི་ཁྱབ་ཁོངས་སུ་འཇུག་དགོས།

དྲུག གྲོང་གསེབ་ཀྱི་རིག་གནས་དར་རྒྱས་སུ་གཏོང་བ་དང་དུས་རབས་གསར་པའི་དཔལ་ཡོན་ལྡན་པའི་གྲོང་གསེབ་ཀྱི་སྲོལ་བཟང་གསོ་སྐྱོང་བྱ་དགོས།

(བཅུ་དྲུག) གྲོང་གསེབ་ཀྱི་བསམ་པའི་ཉམས་འགྱུར་ཇེ་མཐོར་གཏང་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་བྱེད་པར་རྩ་འཛུགས་བྱས་ནས། ཏང་གི་ལོ་རྒྱུས་དང་ཀྲུང་གོ་གསར་པའི་ལོ་རྒྱུས། བཅོས་བསྒྱུར་སྒོ་འབྱེད་ཀྱི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས་དྲིལ་བསྒྲགས་སློབ་གསོ་སྤེལ་བ་དང་། ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲངས་བ་བཅས་ཀྱི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་གཏིང་ཟབ་སྤེལ་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་བརྒྱབ་སྟེ། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་དགོས། ཡ་རབས་ཚུལ་ལྡན་གྱི་ཞང་སྲོལ་འཛུགས་སྐྲུན་ལས་གཞི་ལག་བསྟར་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བས་སྣེ་ཁྲིད་བྱས་ཏེ། ཡ་རབས་ཚུལ་ལྡན་གྱིས་གསོ་སྐྱོང་དང་། ཡ་རབས་ལག་ལེན། ཡ་རབས་ཚུལ་ལྡན་ངང་གསར་འཛུགས་བཅས་བྱེད་པའི་བྱ་བར་ཤུགས་བསྣན་ཏེ། ཁྲིམས་ལུགས་ཁྱབ་གདལ་དང་ཚན་རྩལ་ཁྱབ་སྤེལ་གྱི་བྱ་བ་ལེགས་པོར་བསྒྲུབ་དགོས། བཀས་བཀོད་རྒྱུད་འཛིན་གྱི་རྨོངས་དད་ལ་ངོ་རྒོལ་དང་། ཡིད་རྟོན་དྲིལ་སྒྲོག་སློབ་གསོ་སྤེལ་བ་དང་། ཡིད་རྟོན་མི་འདང་བའི་གནད་དོན་འབུར་ཐོན་ཅན་ལ་ཆེད་དོན་བཅོས་སྐྱོང་གཏིང་ཟབ་བྱས་ནས། གཞོན་ནུ་ལོ་ཆུང་གི་བསམ་བློ་དང་ཀུན་སྤྱོད་སློབ་གསོར་ཤུགས་བསྣན་ཏེ། ལོ་ན་མ་སོན་པའི་མིའི་དྲ་ཐོག་སྲུང་སྐྱོང་ལས་དོན་ལ་ཤུགས་སྣོན་བྱ་དགོས། ཡུལ་སྲོལ་གོམས་གཤིས་སྤོ་བསྒྱུར་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ་དང་། ཡུལ་སྲོལ་དང་དམངས་སྲོལ་བཟང་པོ་དར་སྤེལ་གཏོང་བ། གྲོང་མིས་སྒྲིག་བཀུར་དང་ཁ་དན་བརྩི་སྲུང་བྱེད་པར་ཁྲིད་སྟོན་བྱས་ཏེ། གྲངས་ཀ་མཐོ་བའི་ལེགས་སྐྱེས་དང་། ལུས་རྩལ་རྒྱས་སྒྲུབ། གང་བྱུང་དུ་དུར་སྦས་སོགས་ཀྱི་གནད་དོན་འབུར་ཐོན་ཅན་བཅོས་སྐྱོང་ཏན་ཏིག་གིས་སྤེལ་བ། གཉེན་སྒྲིག་ལས་དོན་གསར་སྒྲུབ་དང་། འདས་མཆོད་སྟབས་བདེའི་ལས་སྒྲུབ། རྒན་བཀུར་གཉེན་གཅེས་སོགས་གཅུན་ནུས་ལྡན་པའི་ཚད་ལྡན་དང་དར་སྤེལ་རང་བཞིན་གྱི་ཚད་གཞི་འཐུས་ཚང་དུ་གཏང་དགོས། གྲོང་གསེབ་ཀྱི་སྤྱི་ཕན་རང་བཞིན་ལྡན་པའི་སྤྱི་བའི་བང་སོ་འཛུགས་སྐྲུན་ལ་ཤུགས་སྣོན་བྱ་དགོས་པ་དང་། དེང་རབས་ཀྱི་ཤེས་རིག་པུར་འཇུག་གི་སྲོལ་གསར་གསོ་སྐྱོང་བྱ་དགོས།

(བཅུ་བདུན) གྲོང་གསེབ་ཀྱི་རིག་གནས་སྐྱེ་ཁམས་གསར་བཟོ་བྱ་དགོས། རིག་གནས་ཞབས་ཕྱི་དང་རིག་གནས་ཐོན་རྫས་མཁོ་སྤྲོད་ནང་རྐྱེན་ལེགས་སྒྱུར། རིག་གནས་དང་ཚན་རྩལ། འཕྲོད་བསྟེན་གསུམ་གྲོང་གསེབ་ཏུ་སྐྱོད་པའི་བྱེད་སྒོ་གཏིང་ཟབ་སྒོས་སྤེལ་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཆ་སྒྲིག་འཐུས་ཚང་དུ་གཏང་དགོས། རིག་གནས་ཀྱི་རྒྱུན་རྣམ་ཅན་གྱི་ལམ་སྲོལ་འཛུགས་པ་དང་། གྲོང་གསེབ་ཀྱི་རིག་གནས་དང་བླངས་པའི་ཞབས་ཕྱིར་སྐུལ་འདེད་གཏོང་བ་དང་། ཞིང་རྨོ་བའི་ཞིང་ལས་ཀྱི་བྲོ་བ་ལྡན་པའི་མང་ཚོགས་རང་བཞིན་གྱི་རིག་གནས་ལུས་རྩལ་བྱེད་སྒོ་སྤེལ་བ་དང་། སྤྱི་པའི་རིག་གནས་ཞབས་ཕྱིའི་མ་ལག་འཐུས་ཚང་དུ་གཏང་དགོས། རིག་གནས་ཐོན་ཁུངས་སྤུས་ལེགས་གཞི་རིམ་དུ་སྐྱོད་པའི་ལམ་སྲོལ་འཛུགས་པ་དང་། རིག་གནས་དམངས་ཕན་བཟོ་འགོད་ལག་བསྟར་བྱས་ནས་མང་ཚོགས་རིག་རྩལ་ཚོགས་པ་གསོ་སྐྱོང་དང་ཁྲིད་སྟོན་བྱེད་པའི་ལམ་སྲོལ་འཛུགས་པ་དང་། གྲོང་གསེབ་ཀྱི་རིག་གནས་སློབ་སྟོན་པའི་འབྲེལ་ཡོད་ལས་དོན་འཚོལ་ཞིབ་བྱས་ནས་འཛུགས་པ། དུས་རབས་གསར་པའི་དཔལ་ཡོན་ལག་ལེན་ལྟེ་གནས་ཁང་དང་ས་ཚིགས་མཉམ་འགུལ་ནུས་མཐོའི་འཁོར་སྐྱོད་ལ་སྐུལ་འདེད་གཏོང་བ་དང་། ཞིང་པའི་དཔེ་དེབ་ཁང་བཅོས་བསྒྱུར་དང་གསར་གཏོད་ལ་སྐུལ་འདེད་གཏང་དགོས།

(བཅོ་བརྒྱད) གྲོང་གསེབ་རིག་གནས་ཀྱི་ཤུགས་རྐྱེན་ཇེ་ཆེར་གཏང་དགོས། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་བཏང་སྟེ། སྲོལ་རྒྱུན་གྱི་གྲོང་ཚོ་སྲུང་སྐྱོང་དང་རྒྱུན་འཛིན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། རིག་དངོས་དང་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོང་དང་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏང་དགོས། སྲོལ་རྒྱུན་བཟོ་རྩལ་དར་རྒྱས་གཏོང་བའི་ལས་གཞི་ལག་བསྟར་བྱས་ནས་གནའ་བོའི་སྡོང་ཤིང་དང་ཤིང་ནགས་སྲུང་སྐྱོང་བྱེད་པ་དང་། ཀྲུང་གོའི་སྲོལ་རྒྱུན་དུས་ཆེན་དར་རྒྱས་ལ་སྐུལ་འདེད་གཏོང་བ། ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་ལེགས་པོར་སྤེལ་དགོས། རིག་གནས་ཐོན་ལས་ཀྱིས་གྲོང་གསེབ་དར་སྤེལ་གཏོང་བའི་འཆར་གཞི་དང་། གྲོང་གསེབ་ཀྱི་རིག་གནས་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ལས་གཞི་ལག་བསྟར་བྱས་ནས། གྲོང་གསེབ་ཀྱི་ཡུལ་སྐོར་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་རྒྱུ་དང་། གྲངས་འཛིན་གྱིས་གྲོང་གསེབ་ཀྱི་རིག་གནས་ཐོན་ལས་ལ་གསོན་ཤུགས་སྣོན་ཚད་ཇེ་མགྱོགས་སུ་གཏང་དགོས།

བདུན། གྲོང་གསེབ་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་འཕེལ་རྒྱས་གཏོང་སྟངས་ལྗང་མདོག་ཅན་དུ་བསྒྱུར་ཚད་ཇེ་མགྱོགས་སུ་གཏང་དགོས།

(བཅུ་དགུ)ཞིང་ལས་ཀྱི་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ཇེ་མགྱོགས་སུ་གཏང་དགོས། ལྗང་མདོག་ཐོན་སྐྱེད་ལག་རྩལ་ཁྱབ་གདལ་དུ་གཏོང་བ་དང་། ས་དཔྱད་ལུད་སྦྱོར་དང་སྐྱེ་ལྡན་ལུད་ཇེ་མང་དུ་གཏོང་བར་བསྔགས་སྐུལ་དང་། དཔལ་འབྱོར་སྐྱེ་དངོས་ཀྱི་རྫས་ལུད་རྒྱག་པའི་ཤུགས་ཚད་ཇེ་དམའ་རུ་གཏང་དགོས། ནད་འབུའི་གནོད་པའི་ལྗང་མདོག་སྔོན་འགོག་ཚོད་འཛིན་དང་། གཅིག་གྱུར་འགོག་སྲུང་གི་དབང་བསྒྱུར་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ་དང་། ཆུ་གྲོན་ཆུང་གི་ཞིང་ལས་འཕེལ་རྒྱས་གཏང་དགོས། ཞིང་ལས་ཀྱི་ངོས་ཀྱི་སྦགས་བཙོག་འགོག་བཅོས་བྱེད་ཤུགས་ཆེ་རུ་གཏོང་བ། སྐྱེ་ཁམས་འཁོར་རྒྱུག་ཞིང་ལས་ཀྱི་སྙིགས་རོའི་ཞིང་ལས་འཕེལ་རྒྱས་གཏོང་བ། ཐོན་ཁུངས་ཅན་དང་གནོད་མེད་ཅན་དུ་འགྱུར་བར་ཞིང་ལས་ཀྱི་ངོས་ཀྱི་རྫོད་ཁུངས་བཅོས་སྐྱོང་ལ་ལྟ་ཞིབ་ཚད་ལེན་དང་དཔྱད་དཔོག་བྱེད་ཤུགས་ཆེ་རུ་བཏང་ནས་ཞིང་ལས་ཀྱི་བཙོག་འབུད་ཉུང་གཏོང་དང་། རྨོ་འདེབས་མི་དགོས་པའི་སོན་འདེབས་ལག་རྩལ་ཁྱབ་སྤེལ་དང་། ཞིང་ལས་ཀྱི་ཝན་ཀ་བ་དང་། སྒོ་ཕྱུགས་དང་ཁྱིམ་བྱའི་དྲི་ངན་འབུད་སྐྱུར་ཇེ་ཉུང་དུ་གཏང་དགོས། ཞིང་ལས་འཕྲུལ་ཆས་སྙིགས་འདོར་གསར་སྒྱུར་དང་ལྗང་མདོག་ལག་རྩལ་སྒྲིག་ཆས་བེད་སྤྱོད་ཇེ་མགྱོགས་སུ་བཏང་ནས་ཞིང་ལས་ཀྱི་ཐན་འབུད་ཉུང་གཏོང་གི་ལག་རྩལ་འགག་སྒྲོལ་བྱ་དགོས།

(ཉི་ཤུ)གྲོང་གསེབ་ཀྱི་སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་གཏང་དགོས། རྨོ་ཞིང་དང་རྩྭ་ཐང་། ནགས་ཚལ་དང་མཚེའུ་བཅས་ཀྱི་ལུས་གསོའི་བྱ་བར་སྐུལ་འདེད་བཏང་སྟེ། རྨོ་ཞིང་རེས་མོས་ཀྱིས་རྨོ་འདེབས་དང་རྩྭ་ཐང་སྲུང་སྐྱོང་བྱེད་པ་སོགས་ཀྱི་ལམ་ལུགས་འཐུས་ཚང་དུ་གཏོང་རྒྱུ་དང་། རང་བྱུང་ནགས་ཚལ་སྲུང་སྐྱོང་དང་སྤྱི་ཕན་ནགས་ཚལ་སྲུང་སྐྱོང་བྱ་རྒྱུ་གཉིས་མཉམ་གཤིབ་ཀྱིས་དོ་དམ་བྱ་རྒྱུ། གཙོ་གནད་ཆུ་བོ་དང་མཚེའུ་བཅོས་སྐྱོང་ཉམས་གསོ་བཅས་བྱས་ནས་སྐྱེ་ཁམས་མ་ལག་གལ་ཆེན་སྲུང་སྐྱོང་དང་ཉམས་གསོའི་ལས་གཞི་གལ་ཆེན་ལག་བསྟར་བྱས་ནས། བྱང་གསུམ་སོགས་གཙོ་གནད་སྐྱེ་ཁམས་ལས་གཞི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། སྐྱེ་དངོས་སྣ་མང་རང་བཞིན་གྱི་སྲུང་སྐྱོང་ལས་གཞི་ལག་བསྟར་དང་། ཕྱི་ནས་ཡོང་བའི་སྐྱེ་དངོས་རིགས་ལ་བཙན་འཛུལ་དང་སྔོན་འགོག་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ། འབྲི་ཆུའི་ལོ་བཅུའི་རིང་གི་ཉ་འཛིན་བཀག་སྡོམ་ལག་བསྟར་གཏིང་ཟབ་བྱས་ཏེ། ཆུ་སྐྱེས་སྲོག་ཆགས་སྲུང་སྐྱོབ་བྱེད་པར་ཤུགས་བསྣན་ནས། སྐྱེ་ཁམས་ཁོར་ཡུག་གི་གནད་དོན་མངོན་གསལ་ཅན་བཅོས་སྐྱོང་བྱེད་པར་སྐུལ་འདེད་གཏང་དགོས། འདམ་ར་ཆུང་གྲས་སྲུང་སྐྱོང་དང་ཉམས་གསོ་བྱས་ནས་ས་འོག་གི་ཆུ་འདོན་ཚད་ལས་བརྒལ་བ་དང་། ས་ཆུ་ཤོར་བ་དང་ས་རྒྱུའི་ལྕགས་རིགས་ལྗིད་གྲས་བཅས་ཀྱི་སྦགས་བཙོག་འགོག་བཅོས་བྱེད་པར་སྐུལ་འདེད་གཏོང་བ་དང་། གྲོང་གསེབ་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་ལྟ་ཞིབ་ཚད་ལེན་གདེང་འཇོག་བྱེད་པའི་ལམ་ལུགས་འཛུགས་དགོས།

(ཉེར་གཅིག)སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་བྱེད་པའི་ནང་རྐྱེན་འཐུས་ཚང་དུ་གཏང་དགོས། རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་ཁེ་དབང་དོན་འཁྱོལ་དང་། བརྟག་དཔྱད་ལྟ་ཞིབ་ཚད་ལེན་དང་གདེང་འཇོག་བྱེད་པའི་མ་ལག་འཐུས་ཚང་དུ་གཏོང་བ། སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་བསྡོམས་འབོར་ཞིབ་རྩིས་རྒྱག་པ་བཅས་བྱས་ཏེ། ཐཱན་འབུད་པའི་དབང་ཆ་དང་། བཙོག་འབུད་དབང་ཆ། ཆུ་སྤྱོད་དབང་ཆ་བཅས་ཀྱི་ཉོ་ཚོང་ལམ་སྲོལ་འཐུས་ཚང་དུ་གཏོང་རྒྱུ། སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་ལམ་ལུགས་འཐུས་ཚང་དུ་གཏོང་རྒྱུ། སྐྱེ་ཁམས་ཀྱི་ཕྱོགས་བསྡུས་སྐྱིན་གསབ་ལམ་ལུགས་འཐུས་ཚང་དུ་གཏོང་རྒྱུ། འཕྲེད་ཕྱོགས་སྐྱེ་ཁམས་སྲུང་སྐྱོང་གི་ཁ་གསབ་ལམ་སྲོལ་འཐུས་ཚང་དུ་གཏོང་རྒྱུ། སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་ཚོང་ར་ཅན་དུ་འགྱུར་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཞིང་སྡེའི་སྐྱེ་ཁམས་ཐོན་རྫས་གཉེར་སྐྱོང་གསར་སྤེལ་བྱེད་པ། སྐྱེ་ཁམས་ཐོན་རྫས་ས་ཁོངས་ཀྱི་སྤྱི་སྤྱོད་ཟོང་རྟགས་གཏོད་པ། ལྗང་མདོག་དངུལ་རྩའི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏང་དགོས།

བརྒྱད། འཚོ་སྡོད་དང་ལས་གཉེར་ལ་འཚམ་པའི་མཛེས་པའི་གྲོང་གསེབ་འཛུགས་སྐྲུན་བྱས་ནས་ཞིང་པའི་བདེ་སྐྱིད་ཇེ་མང་དུ་གཏང་དགོས།

(ཉེར་གཉིས) རྨང་གཞིའི་སྒྲིག་བཀོད་ཀྱི་གདང་འདེགས་རིམ་སྤར་ལ་སྐུལ་འདེད་གཏང་དགོས། གཞུང་ལམ་དྲ་བའི་ཤར་གཏོང་ཆུ་ཚད་ཇེ་མཐོར་གཏོང་བ་དང་། གྲོང་གསེབ་ཀྱི་གཞུང་ལམ་གྱི་རྐང་འཛིན་དྲ་བའི་གདང་འདེགས་རིམ་སྤར་དང་རྨང་གཞིའི་དྲ་བ་སྣུར་སྲིང་འབྲེལ་མཐུད་ཇེ་མགྱོགས་སུ་གཏོང་བ་དང་། གྲོང་གསེབ་ཀྱི་ལམ་བཟང་བཞི་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འགྲིམ་འགྲུལ་གཞི་གཅིག་ཅན་དུ་འགྱུར་བར་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་གཏོང་རྒྱུ། ཆུ་འདོན་བདེ་འཇགས་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། ཡུལ་བབ་དང་བསྟུན་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཆུ་མཁོ་འདོན་གཞི་གཅིག་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་དང་། ཆུ་འདོན་གཞི་ཁྱོན་ཅན་གྱི་ཆུ་མཁོ་འདོན་ལས་གཞི་ཆུང་གྲས་ཚད་ལྡན་དུ་འགྱུར་བའི་འཛུགས་སྐྲུན་དང་བསྒྱུར་བཀོད་བྱ་རྒྱུ། ཆུ་ཁུངས་ཆུང་འབྲིང་གི་འགན་ལེན་ལས་གཞི་འཛུགས་སྐྲུན་ལ་ཤུགས་བསྣན་ནས། ཆུའི་སྤུས་ཚད་མཐོ་རུ་གཏོང་བའི་འགུལ་སྐྱོད་ལག་བསྟར་བྱས་ནས་ནུས་རྒྱུ་མཁོ་འདོན་ཇེ་ལེགས་སུ་གཏོང་རྒྱུ་དང་། གྲོང་གསེབ་ཀྱི་གློག་དྲ་སྲ་བརྟན་དང་མཐོ་རུ་གཏོང་བ། དྭངས་གཙང་གི་ནུས་ཁུངས་འཕེལ་རྒྱས་གཏོང་བ་བཅས་བྱས་ནས་ཞིང་བའི་ཁང་པའི་སྤུས་ཚད་བདེ་འཇགས་ཀྱི་ཆུ་ཚད་མཐོ་རུ་གཏང་དགོས། གྲོང་གསེབ་ཀྱི་ཉེན་ཡོད་ཁང་པ་བསྒྱུར་བཀོད་དང་། ཞིང་པའི་ཁང་པའི་ཡོམ་འགོག་བསྒྱུར་བཀོད་རྒྱུན་མཐུད་ངང་སྤེལ་ནས་དེང་རབས་ཀྱི་སྡོད་ཁང་འཛུགས་སྐྲུན་ལ་སྐུལ་འདེད་གཏང་དགོས།

(ཉེར་གསུམ)འཚོ་སྡོད་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་གཏང་དགོས། གྲོང་གསེབ་ཀྱི་འཛུགས་སྐྲུན་འགུལ་སྐྱོད་ལག་བསྟར་གཏིང་ཟབ་བྱ་རྒྱུ། ཡུལ་བབ་དང་བསྟུན་ནས་གྲོང་གསེབ་ཀྱི་གསང་སྤྱོད་གསར་བརྗེར་སྐུལ་འདེད་བཏང་ནས། ཞིང་པའི་ཁྱིམ་ནང་གི་གསང་སྤྱོད་ལེགས་བཅོས་བྱེད་པར་ཁྲིད་སྟོན་བྱ་དགོས། གྲོང་གསེབ་ཀྱི་གསང་སྤྱོད་ཁང་འཛུགས་སྐྲུན་དོ་དམ་ལམ་ལུགས་འཐུས་ཚང་དུ་གཏང་དགོས། གྲོང་གསེབ་ཀྱི་གསང་སྤྱོད་ཁང་གསར་བརྗེ་དང་འཚོ་བའི་བཙོག་ཆུ་གཙང་བཅོས་ཟུང་འབྲེལ་དམ་ཟབ་བྱེད་པར་སྐུལ་འདེད་གཏོང་བ་དང་། དུད་འབྲེལ་གྲོང་ཚོ་དང་གྲོང་རྡལ་གཞི་གཅིག་ཏུ་ཐག་གཅོད་བྱེད་པར་སྐུལ་མ་གཏང་དགོས། ཞང་དང་གྲོང་རྡལ་སྲིད་གཞུང་གི་བཅའ་སྡོད་ས་གནས་དང་ལྟེ་བའི་གྲོང་ཚོ་གཙོ་གནད་དུ་བཟུང་ནས་ལག་བསྟར་བྱེད་པར་སྐུལ་འདེད་བཏང་ནས། རྒྱ་ཁྱོན་ཅུང་ཆེ་བའི་དྲི་ངན་ཆེ་བའི་ཆུ་གཟུགས་གཞི་རྩའི་སྟེང་མེད་པར་བཟོ་རྒྱུ། འཚོ་བའི་གད་སྙིགས་བཅོས་སྐྱོང་བྱེད་པའི་ཆུ་ཚད་མཐོ་རུ་གཏོང་རྒྱུ། འབྱུང་རྩའི་རིགས་འབྱེད་ཉུང་འཕྲི། ཐག་ཉེ་སར་ཐག་གཅོད་དང་ཐོན་ཁུངས་ཅན་དུ་བསྒྱུར་བའི་ཐག་གཅོད་འཐུས་ཚང་དུ་གཏོང་བ་དང་། དུག་ལྡན་གནོད་ལྡན་གད་སྙིགས་ཐག་གཅོད་བྱེད་པའི་ནུས་པ་ཇེ་མཐོར་གཏང་དགོས།

(ཉེར་བཞི)གཞི་རྩའི་སྤྱི་པའི་ཞབས་ཞུའི་ཆུ་ཚད་བརྟན་པོའི་ངང་ཇེ་མཐོར་གཏང་དགོས། གྲོང་གསེབ་ཀྱི་སློབ་གསོའི་སྤུས་ཚད་མཐོ་རུ་གཏོང་རྒྱུ། རྫོང་ཁོངས་སློབ་གསོའི་གཞི་རྩའི་སློབ་གཉེར་ཆ་རྐྱེན་ཇེ་ལེགས་སུ་གཏོང་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སློབ་གྲྭའི་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་བྱ་རྒྱུ། སློབ་སྔོན་སློབ་གསོ་དང་དམིགས་བསལ་སློབ་གསོའི་ཡོངས་ཁྱབ་འཕེལ་རྒྱས་ལ་ཤུགས་སྣོན་བརྒྱབ་ནས། དགེ་རྒན་གསོ་སྐྱོང་དང་གསོ་སྦྱོང་ལ་ཤུགས་སྣོན་དང་། བདེ་ཐང་གི་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ། རིམས་ནད་ཚབས་ཆེན་དང་ཐོལ་བྱུང་གི་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་ལ་ཁ་གཏད་འཇལ་བའི་ནུས་པ་ཆེ་རུ་གཏོང་བ། རྫོང་ཁོངས་ཀྱི་སྨན་བཅོས་ཐུན་མོང་ཚོགས་པའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། གཞི་རྩའི་སྨན་བཅོས་འགན་བཅོལ་དང་། ན་ཚ་ཆེ་རིགས་ཀྱི་འགན་བཅོལ། སྨན་བཅོས་རོགས་སྐྱོབ་བཅས་ཀྱི་ལམ་ལུགས་ཀྱི་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ། རྒན་རྒོན་དང་བུད་མེད་དང་བྱིས་པའི་ལུས་ཁམས་བདེ་ཐང་། ལེགས་བཙའ་ལེགས་གསོའི་ཞབས་ཞུ་བཅས་སྤེལ་བ་དང་། ཡུལ་བབ་དང་བསྟུན་ནས་སྤྱི་པའི་ལུས་སྦྱོང་སྒྲིག་བཀོད་འཛུགས་སྐྲུན་བྱ་དགོས། རྨང་གཞིའི་དམངས་འཚོ་འགན་ལེན་འཐུས་ཚང་དུ་གཏོང་བ་དང་། རྒན་གསོའི་ཞབས་ཞུའི་དྲ་བ་འཐུས་ཚང་དུ་གཏོང་བ་དང་། ས་གནས་སོ་སོའི་གནས་ཚུལ་དང་ཞིང་པའི་དགོས་མཁོ་དངོས་ལ་གཞིགས་ནས་རྒན་བཀུར་ཁང་སོགས་ཀྱི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། ཞང་དང་གྲོང་རྡལ་གྱི་ས་ཁོངས་རྒན་གསོའི་ཞབས་ཞུའི་ལྟེ་གནས་ཀྱི་སྤུས་ཚད་མཐོ་རུ་གཏོང་བར་སྐུལ་འདེད་ཆེན་པོ་གཏོང་བ། རོགས་རེས་རྒན་གསོ་ཧུར་ཐག་སྒོས་འཕེལ་རྒྱས་སུ་བཏང་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོའི་འགན་བཅོལ་ཐོབ་ཐང་གཏན་འཁེལ་དང་། རྨང་གཞིའི་རྒན་གསོའི་དངུལ་རྒྱུན་ལྡན་ལེགས་སྒྲིག་བྱེད་པའི་ལམ་སྲོལ་དོན་འཁྱོལ་བྱས་ནས། སྐོར་སྐྱོད་བྱིས་པ་དང་གཞིས་ལུས་བྱིས་པ། བུད་མེད། རྒན་འཁོགས། དབང་པོ་སྐྱོན་ཅན་སོགས་ལ་ཐུགས་ཁུར་དང་ཞབས་ཞུ་བྱས་ནས་ཀུན་ཕན་སློབ་གསོའི་ཞབས་ཞུ་འཕེལ་རྒྱས་གཏང་དགོས།

(ཉེར་ལྔ) གྲོང་གསེབ་ཀྱི་སྡེ་ཁུལ་ཞབས་ཞུའི་སྒྲིག་བཀོད་འཐུས་ཚང་དུ་གཏང་དགོས། གཅིག་གྱུར་གྱིས་འཆར་འགོད་དང་། གྲོང་གསེབ་ཀྱི་སྡེ་ཁུལ་ཞབས་ཞུའི་སྒྲིག་བཀོད་འཛུགས་སྐྲུན་བཀོད་སྒྲིག་ལུགས་མཐུན་བྱེད་པ། ཞབས་ཞུའི་ཆ་རྐྱེན་ཇེ་ལེགས་སུ་གཏོང་བ། བེད་མེད་སྒྲིག་བཀོད་གང་འགབ་ཅི་སྤྱོད་ཀྱིས་སྡེ་ཁུལ་གྱི་ཞབས་ཞུར་སྤྱོད་པ་བཅས་བྱ་དགོས། ད་ཡོད་སྒྲིག་བཀོད་ཁང་གཅིག་མང་སྤྱོད་ལ་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏང་དགོས། གྲོང་གསེབ་སྡེ་ཁུལ་གྱི་ཞབས་ཞུའི་སྒྲིག་བཀོད་ཀྱི་ཕན་ནུས་ཆེ་རུ་གཏོང་རྒྱུ། ཚོགས་པའི་རྩ་འཛུགས་དང་། མཉམ་ལས་དཔལ་འབྱོར་རྩ་འཛུགས། སྤྱི་ཚོགས་རྩ་འཛུགས་སོགས་འཛུགས་སྐྲུན་དོ་དམ་དང་ཞབས་ཞུའི་ཁྲོད་ཞུགས་པར་བསྔགས་སྐུལ་བྱ་དགོས།

(ཉེར་དྲུག)གྲངས་འཛིན་ཞང་སྡེ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏང་དགོས། ཆ་འཕྲིན་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དུ་གཏོང་བ་དང་། བློ་རིག་ཀུན་ཁྱབ་རླུང་འཕྲིན་གྲོང་གསེབ་ཀྱི་ལས་གཞི་ལག་བསྟར་བྱེད་པ། རྨང་གཞིའི་སྒྲིག་བཀོད་གྲངས་འཛིན་ཅན་དང་རིག་ནུས་ཅན་དུ་འགྱུར་བའི་རིམ་འཕར་ལ་སྐུལ་འདེད་གཏོང་བ། ཕྱོགས་བསྡུས་ཆ་འཕྲིན་ཞབས་ཞུའི་མ་ལག་འཛུགས་རྒྱུ་དང་། དོ་དམ་ཞབས་ཞུ་གྲངས་འཛིན་ཅན་དུ་འགྱུར་བའི་གོམ་སྟབས་མགྱོགས་སུ་གཏོང་བ། “དྲ་སྦྲེལ+”དང་ཤེས་རིག་རྒྱང་སྒྲོག+། སྲིད་དོན་ཞབས་ཞུ་བཅས་གཞི་རིམ་དུ་སྣུར་སྲིང་བྱེད་པར་སྐུལ་འདེད་གཏོང་བ། གྲོང་གསེབ་ཀྱི་སློབ་གསོ་དང་སྨན་བཅོས། རིག་གནས་གྲངས་འཛིན་ཅན་དུ་འགྱུར་བའི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། གྲངས་འཛིན་གྲོང་གསེབ་འཕེལ་རྒྱས་ཀྱི་འགུལ་སྐྱོད་རྒྱུན་མཐུད་ངང་ལག་བསྟར་བྱ་དགོས།

(ཉེར་བདུན)གྲོང་གསེབ་ཀྱི་འཆར་འགོད་འཛུགས་སྐྲུན་ཇེ་ལེགས་སུ་གཏང་དགོས། ཡུལ་བབ་དང་བསྟུན་ནས་གྲོང་ཚོའི་འཆར་འགོད་བཟོ་བ་དང་། འཚོ་བར་སྟབས་བདེ་དང་ཐོན་སྐྱེད་ལ་སྐུལ་འདེད་གཏོང་བའི་རྣམ་གྲངས་དམིགས་སུ་བཀར་ནས་སྔོན་ལ་འཛུགས་སྐྲུན་དང་། ཞིང་པ་རྣམས་གྲོང་ཚོའི་འཆར་འགོད་འཛུགས་སྐྲུན་དང་དོ་དམ་ནང་ཞུགས་པར་ཁྲིད་སྟོན་བྱ་དགོས། ཞིང་པའི་འདོད་བློ་དང་འགལ་ནས་འཛུགས་སྐྲུན་ཆེན་པོ་དང་། འཛུགས་སྐྲུན་དངོས་པོ་རིགས་སྣ་ཚོགས་བེད་སྤྱོད་གང་ལེགས་བྱས་ནས་ནོར་སྲིད་མ་དངུལ་འཛུགས་སྐྲུན་གྱི་རྣམ་པའི་རྣམ་གྲངས་བེད་སྤྱོད་ནན་པོ་བྱས་ཏེ། གྲོང་གསེབ་འཛུགས་སྐྲུན་ལ་གདེང་འཇོག་བྱེད་པར་གཏན་འགོག་བྱ་དགོས། ལས་གཞི་འཛུགས་སྐྲུན་དང་དོ་དམ་སྲུང་སྐྱོང་ལམ་སྲོལ་དུས་མཉམ་དུ་དོན་འཁྱོལ་བྱེད་པའི་ལམ་ལུགས་འཛུགས་པ་དང་། དོ་དམ་སྲུང་སྐྱོང་གི་འགན་འཁྲིའི་གསལ་ཐོ་བཟོ་འགོད། དོ་དམ་སྲུང་སྐྱོང་གི་མ་གནས་ལུགས་མཐུན་གྱིས་འཁུར་བ། ཆ་རྐྱེན་ཡོད་པའི་ས་གནས་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་དུ་འགྱུར་བའི་དོ་དམ་སྲུང་སྐྱོང་ལ་སྐུལ་འདེད་གཏང་དགོས།

དགུ། ཞིང་ལས་དང་གྲོང་གསེབ་བཅོས་བསྒྱུར་ཟབ་སྤེལ་དང་གྲོང་གསེབ་འཕེལ་རྒྱས་གཏོང་བའི་གསོན་ཤུགས་སྐུལ་སྤེལ་བྱ་དགོས།

(ཉེར་བརྒྱད)གྲོང་གསེབ་ཀྱི་གཞི་རྩའི་གཉེར་སྐྱོང་ལམ་ལུགས་སྲ་བརྟན་དང་འཐུས་ཚང་དུ་གཏང་དགོས། རེས་འཁོར་གཉིས་པའི་ས་ཞིང་འགན་གཙང་བླངས་པའི་དུས་ཡུན་ཐིམ་རྗེས་ལོ 30 རིང་དུ་གཏོང་བའི་ཚོད་ལྟར་གོ་རིམ་ལྡན་པའི་ངང་སྐུལ་སྤེལ་བཏང་ནས་འགན་གཙང་བླངས་པའི་ས་ཞིང་གི་བདག་དབང་དང་། འགན་གཙང་ལེན་དབང་དང་གཉེར་སྐྱོང་བྱེད་དབང་བགོ་སྒྲིག་བསྒྱུར་བཅོས་བྱེད་པ་དང་། ཞིང་ལས་ཀྱི་གཞི་ཁྱོན་འོས་འཚམ་ལྡན་པའི་གཉེར་སྐྱོང་འཕེལ་རྒྱས་གཏོང་བ། ས་ཞིང་འགན་གཙང་ལེན་པའི་གན་རྒྱའི་དོ་དམ་ལམ་ལུགས་འཐུས་ཚང་དུ་གཏོང་བ། བརྟན་ནོར་གཅིག་གྱུར་ཐོ་འགོད་དང་གོ་རིམ་ལྡན་པའི་སྒོ་ནས་འབྲེལ་མཐུད་ལེགས་པོ་བྱེད་པ། ས་ཞིང་ས་རྒོད་དུ་བསྐྱུར་བ་དང་། རྨོ་ཞིང་གི་ཐོན་སྐྱེད་ནུས་པར་གཏོར་བཤིག་གཏོང་བ་སོགས་ཀྱི་འགུལ་སྐྱོད་ཁྲིམས་ལྟར་ཡོ་བསྲང་བྱ་དགོས། ཞིང་དུད་ཀྱི་ཁྱིམ་ཚང་གི་གཉེར་སྐྱོང་རྨང་གཞིར་བྱེད་པ་དང་། མཉམ་ལས་དང་མཉམ་འབྲེལ་གྱིས་འབྲེལ་ཐག་བྱེད་པ། སྤྱི་ཚོགས་ཅན་དུ་འགྱུར་བའི་ཞབས་ཞུ་འདེགས་སྐྱོར་དུ་བྱེད་པའི་ལངས་གཟུགས་རྣམ་པའི་དེང་རབས་ཞིང་ལས་གཉེར་སྐྱོང་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏང་དགོས། ས་ཞིང་འཁོར་རྒྱུག་གི་རིན་གོང་ཆགས་པའི་ནང་རྐྱེན་འཐུས་ཚང་དུ་གཏོང་བ་དང་། ཞིང་པའི་མཉམ་ལས་གཉེར་སྐྱོང་ལ་སྐུལ་འདེད་གཏོང་བ། ཞིང་དུད་ཆུང་བས་ས་ཞིང་གཉེར་སྐྱོང་བྱེད་དབང་སོགས་ཞིང་ལས་གཉེར་སྐྱོང་བྱེད་པོ་གསར་གྲས་ལ་ཞུགས་པར་བསྔགས་སྐུལ་དང་། སྟབས་བདེ་དང་ལས་ཆོད་ཆེ་བའི་ཞིང་ལས་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏང་དགོས། གྲོང་གསེབ་ཀྱི་མཉམ་སྡེབ་ཐོན་དབང་ལམ་ལུགས་སྒྱུར་བཅོས་ཀྱི་གྲུབ་འབྲས་སྲ་བརྟན་དང་མཐོ་རུ་གཏོང་བ་དང་། གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་གསར་པ་འཕེལ་རྒྱས་གཏོང་བ། རྒྱུ་ནོར་བདག་དབང་ཁ་གསལ་དང་བགོ་བཤའ་ལུགས་མཐུན་གྱི་འཁོར་སྐྱོད་ལམ་སྲོལ་འཛུགས་པ་བཅས་བྱས་ནས་ཞིང་པར་དེ་བས་ལེགས་པའི་རྒྱུ་ནོར་གྱི་ཁེ་དབང་སྤྲད་ཡོད། གྲོང་གསེབ་ཀྱི་ཐུན་མོང་དཔལ་འབྱོར་རྩ་འཛུགས་དང་དེའི་འཁོར་སྐྱོད་དོ་དམ་དང་། གྲོང་གསེབ་ཀྱི་ཐོན་དབང་འཁོར་རྒྱུག་ཉོ་ཚོང་ཚད་ལྡན་དུ་གཏོང་བ་དང་། གྲོང་གསེབ་ཀྱི་ཐུན་མོང་རྒྱུ་ནོར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། ཐུན་མོང་གི་གཉེར་སྐྱོང་ཉེན་ཁ་དང་བུ་ལོན་གྱི་གཞི་ཁྱོན་ཚོད་འཛིན་ནན་པོ་བཅས་བྱ་དགོས།

(ཉེར་དགུ)གྲོང་གསེབ་ཀྱི་ས་ཞིང་ལམ་ལུགས་བཅོས་བསྒྱུར་ཟབ་སྤེལ་བྱ་དགོས། ཁང་པ་དང་ས་ཞིང་གཞི་གཅིག་ཅན་གྱི་ཁང་སའི་བདག་དབང་གཏན་འཁེལ་ཐོ་འགོད་དང་ལག་ཁྱེར་སྤྲོད་པ་མགྱོགས་སུ་བཏང་ནས། ཞིང་དུད་ལ་ཁྲིམས་མཐུན་ལྟར་ཡོད་པའི་སྡོད་ཁང་བོགས་མར་གཏོང་བ་དང་། མ་རྐང་དུ་འཇོག་པ་དང་མཉམ་ལས་བྱེད་པ་སོགས་ཀྱི་བྱེད་ཐབས་གང་འགབ་ཅི་སྤྱོད་ལ་བརྟེན་ནས་གྲོང་གསེབ་ཀྱི་ཐུན་མོང་གཉེར་སྐྱོང་རང་བཞིན་གྱི་འཛུགས་སྐྲུན་ལ་མཁོ་བའི་ས་ཆ་ཚོང་རར་ཞུགས་པའི་བཅོས་་བསྒྱུར་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ་དང་། གྲོང་གསེབ་ཕྱོགས་ཡོངས་དར་སྤེལ་གཏོང་བའི་ས་ཆའི་གནས་ཐང་འཕར་བའི་དགོས་མཁོ་དམིགས་སུ་བཀར་ནས་འགན་སྲུང་བྱ་དགོས། ས་ཞིང་གི་གནས་ཐང་འཕར་མའི་ཡོང་སྒོ་བགོ་བཤའི་ནང་རྐྱེན་འཐུས་ཚང་དུ་གཏང་དགོས། གྲོང་གསེབ་འཕེལ་རྒྱས་གཏོང་བར་མཁོ་བའི་ས་ཆའི་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཞིང་ཆེན་རིམ་པའི་ས་ཆ་སྤྱོད་ཐབས་ཀྱི་ལོ་རེའི་འཆར་གཞིར་ཉུང་མཐར་ཡང5%བཀོད་སྒྲིག་བྱས་ནས་གྲོང་གསེབ་ཀྱི་གཙོ་གནད་ཐོན་ལས་དང་རྣམ་གྲངས་ལ་མཁོ་བའི་ས་ཆ་འགན་སྲུང་བྱ་རྒྱུ། གྲོང་གསེབ་ཀྱི་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་དང་སྒྲིག་བཀོད་ཞིང་ལས་ལ་མཁོ་བའི་ས་ཆའི་འགན་སྲུང་སྲིད་ཇུས་དོན་འཁྱོལ་བྱས་ནས། རྫོང་དང་ཤང་རིམ་པའི་རྒྱལ་ཁོངས་བར་སྟོང་འཆར་འགོད་ཀྱིས་ཞིང་ལས་དང་གྲོང་གསེབ་འཕེལ་རྒྱས་གཏོང་བར་མཁོ་བའི་ས་ཆ་གཅིག་གྱུར་གྱིས་བཀོད་སྒྲིག་བྱ་དགོས། ཚད་ལྡན་དང་བརྟན་བརླིང་ངང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་བྱེད་པར་མཁོ་བའི་ས་ཆ་སྣོན་འཕྲི་བྱ་དགོས། འཛུགས་སྐྲུན་ལ་མཁོ་བའི་ས་ཆའི་དམིགས་ཚད་དེ་ས་ཆ་སྤྱོད་ཐབས་ཀྱི་ལོ་འཁོར་འཆར་གཞིའི་ནང་འཇུག་དགོས།

(སུམ་ཅུ)སྣ་མང་ཅན་གྱི་གྲོང་གསེབ་དར་སྤེལ་ལ་མ་དངུལ་གཏོང་བའི་འགན་སྲུང་རྐྱེན་སྲོལ་འཐུས་ཚང་དུ་གཏང་དགོས། ནོར་སྲིད་ཀྱི་རྒྱབ་སྐྱོར་ནུས་པ་འདོན་སྤེལ་བྱས་ནས། ཞིང་ལས་དང་གྲོང་གསེབ་ནི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་སྔོན་ཐོབ་འགན་སྲུང་ཁྱབ་ཁོངས་སུ་བརྩི་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ས་ཞིང་ནང་བཤུག་བཏང་བའི་ཕན་ཁེ་དེ་ཞིང་ལས་དང་གྲོང་གསེབ་ཀྱི་བསྡུར་ཚད་སྲིད་ཇུས་ལ་སྤྱོད་པ་དང་། གསར་དུ་བཏོན་པའི་མ་དངུལ་འཇོག་བསྡུའི་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱེད་པ། དངུལ་རྩའི་ཞབས་ཞུ་འཐུས་ཚང་དུ་གཏོང་བ། དངུལ་ཁང་ཆེ་འབྲིང་གིས་ཞིང་གསུམ་ལ་ཞབས་འདེགས་ཞུ་བའི་བྱ་བའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། སྲིད་ཇུས་རང་བཞིན་གྱི་དངུལ་རྩའི་ཞིང་ལས་ལ་རྒྱབ་སྐྱོར་བྱེད་པའི་ནུས་པ་ཆེ་རུ་གཏོང་བ་དང་། གྲོང་གསེབ་ཀྱི་དངུལ་རྩའི་ལས་ཁུངས་ཆུང་འབྲིང་གི་ཞིང་སྐྱོར་གནས་འཁེལ་ལ་ཤུགས་སྣོན་བརྒྱབ་ནས། གྲོང་གསེབ་ཀྱི་ཡིད་རྟོན་ཁང་བཅོས་བསྒྱུར་ཅན་དུ་འགྱུར་བའི་ཉེན་ཁ་ཇེ་མགྱོགས་སུ་གཏོང་བ་དང་། གྲོང་ཚོ་དང་གྲོང་རྡལ་གྱི་དངུལ་ཁང་གྲུབ་ཚུལ་རང་བཞིན་གྱི་བསྐྱར་སྒྲིག་ལ་སྐུལ་འདེད་གཏང་དགོས། གྲོང་གསེབ་ཀྱི་གྲངས་འཛིན་ཀུན་ཕན་དངུལ་རྩ་འཕེལ་རྒྱས་གཏོང་བ་དང་། གྲོང་གསེབ་ཀྱི་ཡིད་རྟོན་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། ཚོང་ར་ཅན་གྱི་ཞིང་ལས་དང་འབྲེལ་བའི་དངུལ་རྩའི་ཉམས་ཉེན་ཁ་གསབ་ནང་རྐྱེན་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། རིམ་པ་མང་བའི་ཞིང་ལས་འགན་བཅོལ་འཕེལ་རྒྱས་གཏོང་བ། ཞིང་ལས་ཀྱི་འགན་བཅོལ་བསྐྱར་མ་དང་ཞིང་ལས་འགན་བཅོལ་གྱི་གནོད་འཚེ་ཆེན་པོའི་ཉེན་ཁ་ཐར་ཐོར་དུ་གཏོང་བའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཚོང་ར་ཅན་དུ་འགྱུར་བའི་རྣམ་པས་ཁྲིམས་ལྟར་གྲོང་གསེབ་དར་སྤེལ་གྱི་ཐེབས་རྩ་འཛུགས་པར་ཁྲིད་སྟོན་དང་ཚད་ལྡན་དུ་གཏོང་བར་རྒྱབ་སྐྱོར་བྱ་དགོས། ཁེ་ལས་ཁྲི་སྟོང་མང་པོའི་གྲོང་ཚོར་དར་སྤེལ་གཏོང་བའི་འགུལ་སྐྱོད་ལ་སྐུལ་འདེད་གཏོང་བ་དང་། གྲོང་གསེབ་དར་སྤེལ་ལ་ནུས་ཤུགས་གང་ཡོད་བཏོན་ནས་ས་གནས་ཀྱི་བུ་ལོན་གྱི་ཉེན་ཁ་འབྱུང་བར་སྔོན་འགོག་བྱ་དགོས།

(སོ་གཅིག)གྲོང་གསེབ་བཅོས་བསྒྱུར་གྱི་གཙོ་གནད་ལས་འགན་སོ་སོར་སྐུལ་འདེད་གཏང་དགོས། མཁོ་འཚོང་མཉམ་ལས་ཁང་གི་ཕྱོགས་བསྡུས་བཅོས་བསྒྱུར་ཟབ་སྤེལ་དང་། ས་རྒོད་གསར་སྦོལ་ས་ཁུལ་གྱི་ཚོགས་པ་ཅན་དང་། ཞིང་རའི་ཁེ་ལས་ཅན་དུ་འགྱུར་བའི་བསྒྱུར་བཅོས་དང་ས་རྒོད་གསར་སྦོལ་མཉམ་ལས་ལ་སྐུལ་འདེད་གཏང་དགོས། ཐུན་མོང་གི་ནགས་དབང་དང་། རྒྱལ་ཁབ་ལ་དབང་བའི་ནགས་ར། རྩྭ་ཐང་བདག་གཉེར་འགན་གཙང་ལེན་དང་། གྲོང་གསེབ་ཀྱི་ཐུན་མོང་ས་ཞིང་བསྡུ་ལེན་སོགས་ཀྱི་ལམ་ལུགས་འཐུས་ཚང་དུ་གཏང་དགོས། ཞིང་ལས་ཀྱི་ཆུ་རིན་ཕྱོགས་བསྡུས་བཅོས་བསྒྱུར་ལ་སྐུལ་འདེད་གཏང་དགོས། རྒྱལ་ཁབ་ཀྱི་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ཚོད་ལྟ་ཁུལ་དང་། དེ་མིན་གྲོང་གསེབ་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་བཅོས་དསྒྱུར་ཚོད་ལྟའི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱ་དགོས།

བཅུ། གྲོང་གསེབ་ཀྱི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་བསྣན་ནས་གྲོང་གསེབ་བཅོས་སྐྱོང་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏང་དགོས།

(སོ་གཉིས)ཏང་འཛུགས་སྐྱོང་དམ་འཛིན་བྱས་ནས་གྲོང་གསེབ་ཁྱོན་ཡོངས་སྤེལ་བ་སྐུལ་འདེད་གཏིང་ཟབ་གཏང་དགོས། གྲོང་གསེབ་གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ནུས་པ་དང་རྩ་འཛུགས་ཀྱི་ནུས་པ་ཇེ་ཆེར་གཏོང་བ་དང་། རྫོང་རིམ་པའི་ཏང་ཨུས་གྲོང་གསེབ་དར་སྤེལ་གཏོང་བའི་འགན་འཁྲིར་ཤུགས་སྣོན་བྱ་དགོས། ཤང་དང་གྲོང་རྡལ་གྱི་མགོ་ཁྲིད་ཚན་པ་ལེགས་འདེམས་ཧྲག་སྒྲུག་དང་། གྲོང་ཚོའི་ཨུ་ལྷན་གཉིས་ཀྱི་ཚན་པ་སྤྱི་དང་ལྷག་པར་དུ་སྣེ་ཁྲིད་པའི་དཔུང་ཁག་ལེགས་འགྱུར། ཤང་དང་གྲོང་རྡལ་དང་གྲོང་ཚོའི་མགོ་ཁྲིད་ཀྱིས་གྲོང་གསེབ་ཕྱོགས་ཡོངས་་དར་སྤེལ་གཏོང་བའི་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་གཏང་དགོས། གྲོང་གསེབ་ཀྱི་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་བྱས་ནས་གྲོང་གསེབ་ཀྱི་ཏང་ཡོན་རྫོང་རིམ་པའི་ཏང་གི་སློབ་གྲྭར་རེས་སྐོར་གསོ་སྦྱོང་བྱེད་པར་སྐུལ་འདེད་གཏོང་བ་དང་། རྒྱུན་རྣམ་ཅན་དང་ནུས་མེད་ཟབ་ཟོབ་ཡིན་པའི་གྲོང་ཚོའི་ཏང་གི་རྩ་འཛུགས་དག་ཐེར་བྱས་ནས་གཙོ་གནད་གྲོང་གསེབ་ཏུ་བཅའ་སྡོད་བྱེད་པའི་ཧྲུའུ་ཅི་དང་པོ་དང་ལས་དོན་རུ་ཁག་གི་ལམ་ལུགས་འཐུས་ཚང་དུ་གཏང་དགོས། ཤང་གྲོང་དང་གྲོང་ཚོའི་ལས་བྱེད་པའི་ཐུགས་ཁུར་དང་གཟིགས་སྐྱོང་འགན་སྲུང་ལ་ཤུགས་སྣོན་བརྒྱབ་ནས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལ་ཤུགས་བསྣན་ཏེ། ཏང་གི་ལས་དོན་དང་ཞིང་སྡེའི་ལས་དོན། ནོར་དོན་ཡོངས་བསྒྲགས་བཅས་ཀྱི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། གཞི་རིམ་གྱི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་རྩ་འཛུགས་དང་གྲོང་ཚོའི་ལས་དོན་ལྟ་སྐུལ་ཨུ་ཡོན་ལྷན་ཁང་ཕན་ནུས་ལྡན་པའི་ངང་འབྲེལ་མཐུད་ཡོང་བར་སྐུལ་འདེད་གཏང་དགོས། སྒྲིག་བཤེར་ལྟ་ཞིབ་ལས་དོན་དེ་གྲོང་ཚོར་ཁྱབ་པ་བྱས་ནས་གྲོང་ཚོའི་ལས་བྱེད་པར་ལྟ་སྐུལ་དང་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས། གྲོང་གསེབ་ཀྱི་ཐུན་མོང་དཔལ་འབྱོར་རྩ་འཛུགས་ཀྱི་རྩིས་བཤེར་ལྟ་སྐུལ་ལ་ཤུགས་བརྒྱག་དགོས།

(སོ་གསུམ) ཏང་གིས་གྲོང་གསེབ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པར་སྐུལ་འདེད་གཏང་དགོས། རྫོང་དང་གྲོང་གསེབ་ཀྱི་རིམ་པ་གསུམ་ལྡན་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ། རྫོང་རིམ་པའི་གཅིག་གྱུར་གྱིས་འཆར་འགོད་དང་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ། མཁར་གྲོང་གི་དབང་ཆ་རྒྱ་སྐྱེད་གཏོང་བར་སྐུལ་འདེད་གཏོང་བ། གྲོང་ཚོའི་ཏང་རྩ་འཛུགས་ཀྱིས་མགོ་ཁྲིད་བྱེད་པའི་གྲོང་ཚོ་རིམ་པའི་རྩ་འཛུགས་མ་ལག་འཐུས་ཚང་དུ་གཏང་དགོས། རྫོང་རིམ་པའི་མགོ་ཁྲིད་ཚན་པའི་ཁོངས་མིས་ཞང་འགན་གཙང་ལེན་གྱིས་གྲོང་ཚོ་དང་གྲོང་རྡལ་གྱི་མགོ་ཁྲིད་ཚན་པའི་ཁོངས་མིས་རྒྱུན་དུ་ཁྱིམ་ཚང་དུ་བསྐྱོད་དེ་བཅར་འདྲི་བྱེད་པའི་ལམ་ལུགས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ་བཅོས་སྐྱོང་གི་གཙོ་གནད་གཞི་རིམ་དུ་གཤམ་ལ་སྤོ་བ་དང་། ལས་བྱེད་པའི་སྟོབས་ཤུགས་གཞི་རིམ་ལ་འཐུས་ཚང་དུ་གཏོང་བ་དང་། ཐོན་ཁུངས་དང་ཞབས་ཞུ། དོ་དམ་བཅས་གཞི་རིམ་དུ་བསྐྱོད་པར་སྐུལ་འདེད་གཏོང་བ་དང་། གྲོང་གསེབ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏང་དགོས། ཞང་དང་གྲོང་རྡལ་གྱི་འགན་འཁྲི་དང་། ཐོན་ཁུངས་ཆ་མཚུངས་ལམ་ལུགས་འཐུས་ཚང་དུ་གཏང་དགོས། ཞང་དང་གྲོང་རྡལ་གྱི་ཞབས་ཞུའི་དོ་དམ་སྟོབས་ཤུགས་ལ་ཤུགས་སྣོན་བྱ་རྒྱུ། ཞང་དང་གྲོང་རྡལ་གྱི་འགན་འཁྲི་སྒྲུབ་པའི་དོན་དག་གསལ་ཐོ་བཟོས་ནས་གཞི་རིམ་ལ་ཕུགས་ཕན་ལམ་སྲོལ་འཐུས་ཚང་དུ་གཏང་དགོས། ཏང་རྩ་འཛུགས་ཀྱིས་མགོ་ཁྲིད་བྱེད་པའི་རང་སྐྱོང་དང་། ཁྲིམས་སྐྱོང་། ཀུན་སྤྱོད་བཅོས་སྐྱོང་བཅས་ཟུང་འབྲེལ་བྱེད་པའི་གྲོང་གསེབ་བཅོས་སྐྱོང་མ་ལག་གིས་གྲོས་བཞི་ཡོངས་བསྒྲགས་གཉིས་ཀྱི་ལམ་ལུགས་དོན་འཁྱོལ། ཁྲིམས་སྐྱོང་ཞང་སྡེ་འཛུགས་སྐྲུན་གཏིང་ཟབ་ཏུ་གཏོང་བ། བཅའ་ཁྲིམས་བློ་འདྲི་དང་བཅའ་ཁྲིམས་རོགས་སྐྱོར་གྱི་བྱ་བར་ཤུགས་སྣོན་རྒྱག་རྒྱུ། གྲོང་ཚོའི་ཡུལ་མིའི་སྒྲིག་ལམ་གྱི་ནུས་པ་འདོན་སྤེལ་ཡག་པོ་བྱ་དགོས། བཅོས་སྒྲིག་བྱེད་སྟངས་གསར་གཏོད་བྱས་ནས་གྲངས་འཛིན་གྱིས་ཤང་གྲོང་བཅོས་སྒྲིག་ལ་སྐུལ་འདེད་བཏང་ནས་གྲོང་མིའི་གྲོས་མོལ་གྱི་རྣམ་པ་གསར་གཏོད་བྱེད་དགོས།

(སོ་བཞི) གྲོང་གསེབ་འཆམ་མཐུན་དང་བརྟན་ལྷིང་ཡོང་བར་སྲུང་སྐྱོང་བྱ་དགོས། གཞི་རིམ་གྱི་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ་དང་། ཤང་དང་གྲོང་རྡལ་སྲིད་གཞུང་གི་སྤྱི་པའི་ཞབས་ཞུའི་འགན་ནུས་ལ་ཤུགས་བསྣན་ནས་བཅོས་སྐྱོང་ལས་སྟེགས་འཐུས་ཚང་དུ་གཏང་དགོས་པ་དང་། བབ་བསྟུན་དོ་དམ་བྱེད་ནུས་ཆེ་རུ་གཏང་དགོས། ཤང་གྲོང་དང་གྲོང་ཚོ་རིམ་པའི་འཕྲལ་བསྟུན་དོ་དམ་མཐུན་སྦྱོར་ལམ་སྲོལ་དང་སྒྲིག་འཛུགས་མ་ལག་འཐུས་ཚང་དུ་གཏོང་བ་དང་། འབྲུབ་འགོག་དང་མེ་འགོག་སོགས་ཀྱི་འགན་འཁྲི་མི་སྣའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། བབ་བསྟུན་རོགས་སྐྱོབ་བྱེད་ནུས་ཆེ་རུ་གཏོང་བ་དང་། འབྲེལ་ཡོད་དྲིལ་བསྒྲགས་དང་ནང་སྦྱོང་བྱ་དགོས། མཉམ་འགོག་མཉམ་བཅོས་ཀྱི་སྟོབས་ཤུགས་ཆེ་རུ་གཏོང་བ་དང་། དུས་བདེའི་འཛུགས་སྐྲུན་གྱི་མགོ་ཁྲིད་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་དང་། དུས་རབས་གསར་པའི་ཧྥུན་ཆའོ་ཉམས་མྱོང་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བ། མགོ་ཁྲིད་ལས་བྱེད་པས་གཤམ་ལ་བཅར་འདྲིར་སྣེ་ལེན་བྱེད་པར་སྐུལ་འདེད་གཏང་དགོས། གྲོང་གསེབ་ཀྱི་སྤྱི་ཚོགས་ཀྱི་འགལ་བ་དང་རྩོད་གཞི་སྣ་མང་སྔོན་འགོག་དང་འདུམ་འགྲིག་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏང་དགོས། འཆམ་མཐུན་ཁྱིམ་མཚེས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། གྲོང་གསེབ་ཀྱི་ཆོས་ལུགས་བྱེད་སྒོའི་རྒྱུན་གཏན་ཅན་གྱི་དོ་དམ་ལ་ཤུགས་བསྣན་ནས་གྲོང་གསེབ་ཀྱི་ཆོས་ལོག་ཁྲིམས་འགལ་ཉེས་གསོག་ལ་ཕྱོགས་ཡོངས་ནས་དོགས་ཟོན་དང་། ཆོས་ལོག་ལ་ངོ་རྒོལ་དང་དུག་འགོག་གི་དྲིལ་བསྒྲགས་སློབ་གསོ་དང་། རྒྱན་འཛུགས་དང་ཁྲིམས་འགལ་ཉེས་གསོག་གི་ཆེད་དོན་བཅོས་སྒྲིག་བྱས་ནས་རྒྱུན་གཏན་ཅན་གྱི་སྒོ་ནས་ནག་ནོག་གཙང་སེལ་དང་། བུད་མེད་དང་བྱིས་པའི་ཁེ་དབང་ལ་གནོད་འཚེ་གཏོང་བའི་ཁྲིམས་འགལ་ཉེས་གསོག་འགུལ་སྐྱོད་ལ་རྡུང་རྡེག་གཏང་དགོས།

བཅུ་གཅིག་པ། རྩ་འཛུགས་དང་ལག་བསྟར་བྱེད་ཤུགས་ཆེ་རུ་གཏང་དགོས།

གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བར་ཏང་ཀྲུང་དབྱང་གིས་གཅིག་སྡུད་དང་གཅིག་གྱུར་གྱིས་མགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་བརྒྱག་དགོས་པ་དང་། ཀྲུང་དབྱང་གིས་གཅིག་གྱུར་གྱིས་འཆར་འགོད་དང་། ཞིང་ཆེན་གྱིས་སྤྱི་འགན་འཁུར་བ། གྲོང་ཁྱེར་དང་རྫོང་དང་ཤང་གིས་དོན་འཁྱོལ་དམ་འཛིན་བྱེད་པ་བཅས་ཀྱི་གྲོང་གསེབ་དར་སྤེལ་གཏོང་བའི་བྱ་བའི་ལམ་སྲོལ་རྒྱུན་འཁྱོངས་བྱས་ཏེ། གྲོང་གསེབ་དར་སྤེལ་གཏོང་བའི་འགན་འཁྲིའི་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱ་དགོས། བསྡོམས་རྩིས་ལྟ་ཞིབ་ཚད་ལེན་ལ་ཤུགས་བསྣན་ནས་འཆར་འགོད་ལག་བསྟར་དང་དཔྱད་དཔོག་བྱེད་པར་ཤུགས་སྣོན་པ་དང་། གྲོང་གསེབ་ཕྱོགས་ཡོངས་དར་སྤེལ་གཏོང་བའི་བྱ་བའི་འབྲེལ་གཏུག་ས་ཚིགས་འཛུགས་དགོས། གྲོང་གསེབ་དར་སྤེལ་གཏོང་བའི་བཅའ་ཁྲིམས་ཚད་ལྡན་མ་ལག་འཐུས་ཚང་དུ་གཏང་དགོས། དྲིལ་བསྒྲགས་དང་གླེང་ཕྱོགས་ཀྱི་ཁྲིད་སྟོན་ལ་ཤུགས་བསྣན་ནས། བཟོ་ཚོགས་དང་གུང་གཞོན་ཚོགས་པ། བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། སྤྱི་ཚོགས་ཡོངས་གྲོང་གསེབ་ཏུ་ཞུགས་པའི་ཧུར་བརྩོན་རང་བཞིན་སྐུལ་སློང་བཅས་བྱས་ཏེ། སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་བསྐྲུན་དགོས། ས་གནས་སོ་སོའི་འབྲེལ་ཡོད་སྡེ་ཁག་སོ་སོས་དམིགས་འབེན་དང་ལས་འགན་དངོས་དང་ཟུང་འབྲེལ་བྱས་ནས་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་བ་དང་། བྱ་བའི་ཁྲོད་དུ་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས། གཟུགས་བརྙན་བཟོ་སྐྲུན་བཅས་གཏན་འགོག་བྱས་ཏེ། དོན་དག་གལ་ཆེན་དུས་ཐོག་ཏུ་གོ་རིམ་ལྟར་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་དགོངས་སྐོར་དང་སྙན་སེང་ཞུ་དགོས། །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།