མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཏང་ཀྲུང་དབྱང་དང་ཞིང་ཆེན་ཨུ་ལྷན་གྱི་བཀོད་སྒྲིག་བླང་བྱ་གཞིར་བཟུང་ཟླ2པའི་ཚེས17ཉིན་ནས་ཚེས18ཉིན་བར་ཞིང་ཆེན་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡིས2024ལོའི་ལོ་འཁོར་གྱི་དམངས་གཙོ་ཚོ་བའི་ཚོགས་འདུ་འཚོགས། ཚོགས་འདུའི་ཐོག་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་དམངས་གཙོ་འཚོ་བའི་ཚོགས་འདུ་དང་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དམངས་གཙོ་འཚོ་བའི་ཚོགས་འདུ་དེ་ཚད་གཞི་བྱས་ཏེ་ཚོགས་འདུའི་བརྗོད་དོན་གཙོ་བོར་དམ་པོར་དམིགས་ཤིང་། དོན་དངོས་དང་འབྲེལ་ཏེ་གནད་དོན་ལ་ཞིབ་དཔྱད་ནན་ཏན་དང་། གནད་དོན་གྱི་འབྱུང་རྩའི་གཏིང་སློག་པ། བཅོས་སྒྲིག་གི་ཁ་ཕྱོགས་ཁ་གསལ་བཅས་བྱས་ནས་སྐྱོན་བརྗོད་དང་ཡོ་བསྲང་གཏིང་ཟབ་བྱས་ཏེ། བསམ་བློ་གཅིག་གྱུར་དང་། མཐུན་སྒྲིལ་ཡར་རྒྱས། ཕན་ཚུན་ལྟ་སྐུལ། ཐུན་མོང་མཐོར་འདེགས་བཅས་ཀྱི་དམིགས་ཡུལ་ལ་སླེབས་ཡོད། རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཧྲུའུ་ཅི་ཀྲུའུ་རེན་གཞོན་པ་ཝང་ལིས་མེན་གྱིས་ཚོགས་འདུར་གཙོ་སྐྱོང་བྱས་ནས་ཕྱོགས་བསྡོམས་གསུང་བཤད་གནང་། ཞིང་ཆེན་ཨུ་ལྷན་གྱི་ལྟ་སྐུལ་ལྟ་སྐུལ་ཚོགས་ཆུང་དང་པོ་ཚོགས་འདུར་ཞུགས་ནས་མཛུབ་ཁྲིད་གནང་། ཏང་ཙུའུ་ཡི་ཁོངས་མི་མིན་པའི་ཀྲུའུ་རེན་གཞོན་པ་ཚོགས་འདུའི་ཐོག་ཟུར་ཞུགས་བྱས་ནས་བསམ་འཆར་དང་གྲོས་གཞི་བཏོན་ཡོད།
ཞིང་ཆེན་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡིས་ཐེངས་འདིའི་དམངས་གཙོ་འཚོ་བའི་ཚོགས་འདུ་ཡག་པོ་འཚོགས་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་ཏེ། ཚོགས་འདུ་མ་འཚོགས་གོང་བྱ་བའི་ཇུས་གཞི་ཞིབ་ཚགས་བཟོས་པ་དང་། སེམས་གཏམ་གླེང་མོལ་རྒྱ་ཁྱབ་ངང་སྤེལ་བ། ཕྱོགས་མང་པོའི་བསམ་འཆར་དང་གྲོས་གཞིར་ཉན་པ། ཞིབ་བསྡུར་ཞིབ་བཤེར་གྱི་དཔྱད་གཞི་ནན་ཏན་གྱིས་བྲིས་པ། རིགས་པའི་གཞུང་ལུགས་སློབ་སྦྱོང་དང་གྲོས་སྡུར་དང་སྤེལ་རེས་ཏན་ཏིག་བྱས་ཏེ། དམངས་གཙོ་འཚོ་བའི་ཚོགས་འདུ་ཡག་པོ་འཚོགས་ཆེད་བསམ་བློའི་རྨང་གཞི་བརྟན་པོ་བཏིང་ཡོད། ཚོགས་འདུའི་ཐོག་ཞིང་ཆེན་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡི་2024ལོའི་ལོ་འཁོར་གྱི་དམངས་གཙོ་འཚོ་བའི་ཚོགས་འདུའི་བསམ་འཆར་བསྡུ་ལེན་བྱས་ཚུལ་དང་། ཚོགས་འདུ་མ་འཚོགས་གོང་གི་གྲ་སྒྲིག་གནས་ཚུལ། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡི་བརྗོད་བྱ་གཙོ་བོའི་སློབ་གསོའི་ཆེད་དོན་དམངས་གཙོ་འཚོ་བའི་ཚོགས་འདུའི་ཞིབ་བཤེར་དང་གནད་དོན་བཅོས་སྒྲིག་ལག་བསྟར་བྱས་ཚུལ་བཅས་བརྡ་ཁྱབ་བྱས། ཝང་ལིས་མེན་གིས་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཚན་པའི་ཚབ་ཞུས་ནས་ཞིབ་བསྡུར་ཞིབ་བཤེར་བྱས་པ་དང་ཕྱོགས་ལྔའི་ཐད་ནས་གོམ་སྟབས་རྗེས་མའི་བཅོས་སྒྲིག་བྱེད་ཐབས་བཏོན་པ་མ་ཟད། སྣེ་ཁྲིད་ནས་མི་སྒེར་གྱི་ཞིབ་བསྡུར་ཞིབ་བཤེར་བྱས་པ་དང་ཏང་ཙུའུ་ཡི་བློ་མཐུན་གཞན་དག་གིས་རེ་རེ་བཞིན་ཞིབ་བསྡུར་ཞིབ་བཤེར་བྱས་ནས་སྐྱོན་བརྗོད་དང་རང་སྐྱོན་བརྗོད་ནན་ཏན་བྱས་ཏེ། ནན་ཏན་གྱི་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ཞིག་རོལ་པར་མ་ཟད། གཏིང་ཟབ་དང་ཕྱོགས་ཡོངས་ཀྱི་བསམ་བློའི་འཁྲུལ་སྟོན་དང་ཏང་གི་རང་བཞིན་གྱི་སློབ་གསོ་ཞིག་ཀྱང་མྱོང་ཡོད།
ཝང་ལིས་མེན་གྱིས་ཕྱོགས་བསྡོམས་གསུང་བཤད་གནང་སྐབས་ཐེངས་འདིའི་འཚོ་བའི་ཚོགས་འདུའི་གྲུབ་འབྲས་བེད་སྤྱོད་གཏིང་ཟབ་བྱས་ནས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་རང་ངོས་འཛུགས་སྐྱོང་ལ་མུ་མཐུད་སྐུལ་འདེད་གཏིང་ཟབ་གཏོང་དགོས“ཤུགས་སྣོན་བཞིའི”བླང་བྱ་བཏོན་པ་སྟེ། རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་ལ་ཤུགས་སྣོན་བྱེད་པ་དང་ཆབ་སྲིད་ཀྱི་ཁ་ཕྱོགས་སྲ་བརྟན་དུ་གཏོང་དགོས། སློབ་སྦྱོང་གི་ཕན་འབྲས་དེ་ཕུགས་བསམ་སྲ་བརྟན་དུ་གཏོང་བ་དང་ཏང་གི་རང་བཞིན་སྦྱོང་བརྡར་བྱེད་པའི་ཚད་མཐོའི་རང་རྟོགས་སུ་བསྒྱུར་རྒྱུ་དང་། རང་འགན་བྱ་བ་ལེགས་པར་བསྒྲུབས་པ་དང་དམངས་འཐུས་ཚོགས་ཆེན་གྱི་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གསོན་ཉམས་ལྡན་པའི་ལག་ལེན་དུ་བསྒྱུར་དགོས། འགན་འཁྲི་འགན་འཁུར་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཁྲིམས་ལྟར་འགན་འཁྲི་བསྒྲུབས་པ། གནས་བབ་མཐོ་ཞིང་ཚད་གཞི་མཐོ་བའི་སྒོ་ནས་ཁྲིམས་འཛུགས་དང་། ལྟ་སྐུལ། ཐག་གཅོད། བསྐོ་གཞག་ལས་འབྱེད། འཐུས་མིའི་ལས་དོན་བཅས་ལ་འཆར་འགོད་བྱས་ནས་སྐུལ་འདེད་བཏང་ནས་དམངས་འཐུས་ཚོགས་ཆེན་ལམ་ལུགས་ཀྱི་ལེགས་ཆ་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་རོགས་རམ་བྱེད་པའི་སྒུལ་ཤུགས་སྟོབས་ཆེན་ཞིག་ཏུ་ཏན་ཏིག་བསྒྱུར་དགོས། རང་ངོས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། “ལས་ཁུངས་བཞི”སྟོབས་ཆེར་གཏོང་བ། “སྤྱོད་གཙང་གི་མི་དམངས་འཐུས་ཚོགས་ཆེན”འཛུགས་སྐྱོང་བྱ་བ་བཅས་ཐོག་མཐའ་བར་གསུམ་དུ་ ལས་ཀ་ཏན་ཏིག་དང་། ལས་བརྩོན་ལས་སྒྲིབ། སྤྱོད་གཙང་ལས་སྒྲུབ་བཅས་ཀྱི་རྣམ་པ་བཟང་པོ་མུ་མཐུད་དུ་བསྐྲུན་དགོས། བཅོས་སྒྲིག་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་སྟེ་ཕན་འབྲས་དངོས་ཡོང་བའི་འགན་སྲུང་བྱ་དགོས། གནད་དོན་གྱི་ཁྲིད་སྟོན་མཐའ་འཁྱོངས་དང་། བཅོས་སྒྲིག་གི་ལས་འགན་ལ་དམིགས་ནས། བཅོས་སྒྲིག་གི་འགན་འཁྲི་ལག་བསྟར་བཅས་བྱས་ཏེ། བཅོས་སྒྲིག་ལས་དོན་ལ་གཅིག་གྱུར་གྱིས་སྐུལ་འདེད་བཏང་ནས་དངོས་སུ་དངོས་ཀྱི་ཕན་འབྲས་ཐོབ་པ་བཅས་བྱ་དགོས།