མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ2པའི་ཚེས10ཉིན་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་ཚོགས་འདུ་ཟི་ལིང་དུ་འཚོགས། ཚོགས་འདུའི་སྟེང2024ལོའི་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་རྒྱུད་རིམ་ལྡན་པའི་སྒོ་ནས་ཕྱོགས་བསྡོམས་དང་། 2025ལོའི་ལས་འགན་བཀོད་སྒྲིག་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་མ་ལག་གིས“རྒྱལ་ཁབ་ཀྱི་དོན་ཆེན”བློ་ལ་བརྟན་པོར་འཛིན་པར་སྐུལ་སློང་བྱས་ཏེ། བཅོས་སྒྱུར་སྒུལ་ཤུགས་སུ་བཟུང་ནས་ལོ་འཁོར་གྱི་དམིགས་ཚད་ལས་འགན་ཁྱོན་ཡོངས་ནས་ལེགས་གྲུབ་དང་། མཛེས་སྡུག་ལྡན་པའི་མཚོ་སྔོན་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བར་གྲུབ་འབྲས་གསར་པ་ཐོབ།
2024ལོར་མཚོ་སྔོན་གྱིས་རེས་སྐོར་གསུམ་པའི་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་གནད་དོན་བཅོས་སྒྲིག་གཙོ་གནད་དུ་བཟུང་སྟེ། འབག་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་འཐབ་འཛིང་ཚད་གཞི་སྔར་ལས་མཐོན་པོ་བཏང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གད་སྙིགས་དང་བཙོག་ཆུ་སོགས་ཀྱི་གནད་དོན་བཅོས་སྒྲིག་མཐོར་འདེགས་དང་འབོག་བཙོག་དང་བེད་མེད་འབུད་སྐྱུར་ཆེད་དོན་བྱ་སྤྱོད་ཏན་ཏིག་ངང་སྤེལ་བས། སྐྱེ་ཁམས་ཁོར་ཡུག་གི་མངོན་གསལ་དོད་པའི་གནད་དོན་ཁག་ཅིག་ཐག་གཅོད་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ཆུ་ཚད་ཅུང་མཐོ་བའི་ཐོག་མུ་མཐུད་ཇེ་ལེགས་སུ་ཕྱིན་ཡོད། དེའི་ནང་མཁའ་དབུགས་ཀྱི་སྤུས་ཚད་བརྟན་པོའི་ཐོག་ཇེ་ལེགས་སུ་ཕྱིན་པ་དང་། ཁ་དབུགས་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད་ནི96.3%ཡིན་ལ། དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས9.4མཐོ་བ་དང་། ས་གནས་རིམ་པ་ཡན་གྱི་གྲོང་ཁྱེར་གྱིPM2.5ཡི་ཆ་སྙོམས་སྟུག་ཚད་སྨི་ངོས་གྲུ་བཞི་རེར་ཝེ་ཁེ19ཡིན་ལ། དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་སྨི་ངོས་གྲུ་བཞི་རེར་ཝེ་ཁེ10.3དམའ་བ་རེད།
ཚོགས་འདུའི་སྟེང་འདི་སྐད། 2025ལོར་སྐྱེ་ཁམས་དཔལ་ཡོན་སྒྲིག་སྲོལ་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བའི་བྱེད་ཐབས་གལ་ཆེན་ལག་བསྟར་དང་། མཛེས་སྡུག་ལྡན་པའི་མཚོ་སྔོན་འཛུགས་སྐྲུན་ཁྱོན་ཡོངས་ནས་སྐུལ་འདེད། རྣམ་གྲངས་ལག་བསྟར་དང་འཆར་འགོད་ཏན་ཏིག་བཟོ་བ། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་འཐབ་འཛིང་གཏིང་ཟབ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལྟ་ཞིབ་ཁྲིམས་འཛིན་དམ་འཛིན་ནན་འཛིན། སྐྱེ་ཁམས་ཁོར་ཡུག་བདེ་འཇགས་ཀྱི་མ་མཐའི་ཚད་ཐིག་བརྟན་སྲུང་། ལྗང་མདོག་དང་ཐཱན་ཉུང་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་བ། དེང་རབས་ཁོར་ཡུག་བཅོས་སྐྱོང་ནུས་པ་ཇེ་མཐོར་གང་མགྱོགས་སུ་གཏོང་བ་སོགས་ཕྱོགས9ཐད་ཀྱི་ལས་དོན་གཙོ་བོ་ལ་བརྟེན་ནས་མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཀྱི་མཛེས་སྡུག་ལྡན་པའི་མཚོ་སྔོན་འཛུགས་སྐྲུན་ལ་མགྱོགས་པོར་སྐུལ་འདེད་གཏོང་དགོས་པ་བསྟན།