མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ2པའི་ཚེས8ཉིན། ཞིང་ཆེན་ཡོངས་ཀྱི་དུག་འགོག་ལས་དོན་གྱི་བརྙན་ལམ་ཚོགས་འདུ་འཚོགས་ནས་ལས་དོན་ཕྱོགས་སྡོམ་དང་དུས་བབ་ལ་དབྱེ་ཞིབ། མིག་སྔར་དང་སླད་ཕྱིན་དུས་མཚམས་ཤིག་གི་དུག་འགོག་ལས་དོན་ལ་ཞིབ་འཇུག་བཀོད་སྒྲིག་བཅས་བྱས་པ་རེད། ཧྲེང་ཀྲང་གཞོན་པ་ཞིང་ཆེན་དུག་འགོག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ལི་ཧུང་ཡ་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་གནང་བ་རེད།
ཚོགས་འདུས་བསྟན་དོན། 2024ལོ་ནས་བཟུང་ཞིང་ཆེན་ཡོངས་ཀྱི་ས་གནས་ཁག་དང་རིམ་པ་ཁག་གི་དུག་འགོག་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་སྡེ་ཚན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གྱི་དུག་འགོག་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་པ་དང་། རྒྱལ་ཁབ་དུག་འགོག་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་ཨུ་ལྷན་དང་ཞིང་ཆེན་སྲིད་གཞུང་གི་དུག་འགོག་ལས་དོན་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་གི་བླང་བྱ་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། “འགོག་རྒོལ་དོ་དམ་དྲིལ་བསྒྲགས་འཛུགས་སྐྲུན”གྱི་ལས་དོན་ཁག་གཅིག་གྱུར་གྱིས་སྐུལ་འདེད་བཏང་བས། ཞིང་ཆེན་ཡོངས་ཀྱི་དུག་འགོག་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོས་ཐོན་པ་དང་། དུག་འགོག་འཐབ་རྩོད་བརྟན་པོ་ཁྲོད་ཡར་རྒྱས་བྱུང་བ། དུག་འགོག་གནས་ཚུལ་གྱི་གནས་བབ་ཁྱོན་ཡོངས་ནས་ལེགས་སུ་ཕྱིན་ཡོད།
ཚོགས་འདུས་བསྟན་དོན། 2025ལོར་ཞིང་ཆེན་ཡོངས་ཀྱི་ས་གནས་ཁག་དང་རིམ་པ་ཁག་གི་དུག་འགོག་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་སྡེ་ཚན་གྱིས་དུག་རྫས་བཅོས་སྐྱོང་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུ་གཙོ་བོར་བྱེད་པ་དང་དུག་རྫས་བཅོས་སྐྱོང་མ་ལག་འཐུས་ཚང་དང་འཐུས་ཚང་དུ་གཏོང་རྒྱུ་རྨང་གཞིར་བྱས་ཏེ་དུག་འགོག་མི་དམངས་དམག་འཁྲུག་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས། མཐོ་གནོན་གྱིས་རྡུང་རྡེག་ནན་པོ་རྒྱུན་འཁྱོངས་བྱས་ནས་དུག་རྫས་ཉེས་གསོག་ལ་རྡུང་རྡེག་གཏོང་བའི་འབྲེལ་ཐག་ཡོངས་ཀྱི་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས། གཙོ་གནད་རྒྱུ་རྐྱེན་ལ་དམ་པོར་དོ་སྣང་བྱས་ཏེ་རྒྱུ་རྐྱེན་ཡོངས་ལ་ལྟ་སྐུལ་དོ་དམ་བྱེད་པའི་དུག་བཟོའི་དངོས་རྫས་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས། སྔོན་བརྡའི་ཤེས་ཚོར་བྱེད་ཤུགས་ཆེ་རུ་བཏང་ནས་ཕྱོགས་ཡོངས་ཀྱི་དུག་གནས་ཚུལ་ལྟ་ཞིབ་ཚད་ལེན་སྔོན་བརྡའི་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས། དོ་དམ་དང་ཞབས་ཞུ་གཉིས་རྒྱུན་འཁྱོངས་བྱས་ཏེ། ལྷུ་ཚིགས་ཡོངས་ལ་ཞབས་ཞུ་དོ་དམ་བྱེད་པའི་དུག་འཐེན་པའི་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས། འགན་འཁྲི་དམ་འཛིན་དང་དམ་ཟབ་བྱས་ཏེ་རིམ་པ་ཡོངས་ནས་དུག་འགོག་ལས་དོན་དོན་འཁྱོལ་བྱེད་པའི་འགན་འཁྲི་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། སྔོན་འགོག་སྔོན་ལ་དམིགས་སུ་བཀར་ནས་དུག་རྫས་སྔོན་འགོག་གི་དྲིལ་བསྒྲགས་སློབ་གསོའི་མ་ལག་ཡོངས་སུ་ཁྱབ་པའི་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས། དེ་དང་ཆབས་ཅིག་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱས་ནས་རྩ་འཛུགས་ཀྱི་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་དགོས། ཁྲིམས་ལྟར་དུག་བཅོས་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་ལས་ཀའི་ཕན་ནུས་ཆེ་རུ་གཏོང་དགོས། སྡེ་ཁག་གི་མཉམ་འགུལ་རྒྱུན་འཁྱོངས་དང་། མཐུན་སྦྱོར་གཞོགས་འདེགས་གཏིང་ཟབ་ཏུ་གཏོང་བ། གསར་གཏོད་ལ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་དང་། ཚན་རྩལ་གྱི་ནུས་པ་སྤྲོད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་དུས་བབ་གསར་པའི་འོག་དུག་རྫས་བཅོས་སྐྱོང་བྱེད་པའི་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས།