མཚོ་སྔོན་ཞིང་ཆེན་ཁྲིམས་འཛིན་ཐིང་གིས་ཁྲིམས་སྐྱོང་མཚོ་སྔོན་དང་ཁྲིམས་སྐྱོང་སྲིད་གཞུང་། ཁྲིམས་སྐྱོང་སྤྱི་ཚོགས་བཅས་གཞི་གཅིག་ཅན་དུ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་།

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།

 ཟླ12པའི་ཚེས17ཉིན། གསར་འགོད་པས་མཚོ་སྔོན་ལ་རྒྱུས་ལོན་དང་། མཚོ་སྔོན་ལ་དགའ་ཞེན། མཚོ་སྔོན་དར་སྤེལ་གཏོང་བ་ཞེས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་ཞིང་ཆེན་ཁྲིམས་འཛིན་ཐིང་གི་ཆེད་དོན་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་ཤེས་གསལ་ལྟར་ན། ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཚུན་ལ། ཞིང་ཆེན་ཡོངས་ཀྱི་ཁྲིམས་སྐྱོང་འཛུགས་སྐྲུན་དམ་འཛིན་བྱེད་པའི་འགན་གཙོ་བོ་ཁུར་བའི་ལས་ཁུངས་ཡིན་པའི་ཆ་ནས། ཞིང་ཆེན་ཁྲིམས་འཛིན་ཐིང་གིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་ཤིང་། ཕྱོགས་ཡོངས་ནས་འཆར་འགོད་གཅིག་དང་རྩ་གནད་གཉིས་དངོས་འབེབས་བྱེད་པར་སྐུལ་འདེད་བཏང་ལ། ཁྲིམས་སྐྱོང་མཚོ་སྔོན་དང་ཁྲིམས་སྐྱོང་སྲིད་གཞུང་། ཁྲིམས་སྐྱོང་སྤྱི་ཚོགས་བཅས་གཞི་གཅིག་ཅན་དུ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་བ་དང་། བློ་རྩ་བརྟན་པོས་བཅོས་སྒྱུར་དང་འཕེལ་རྒྱས། བརྟན་བརླིང་བཅས་ཀྱི་ཁྱོན་ཡོངས་ལ་འདེགས་སྐྱོར་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་འབད་པས་འབྲི་བར་ཁྲིམས་སྐྱོང་གི་འགན་སྲུང་འདོན་སྤྲོད་བྱས།

ཞིང་ཆེན་ཁྲིམས་འཛིན་ཐིང་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དམིགས་ནས་ནུས་པ་བཏོན་པ་དང་། ཁྲིམས་སྐྱོང་མཚོ་སྔོན་འཛུགས་སྐྲུན་གྱི་སྤུས་ནུས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་། ཏང་གིས་ཕྱོགས་ཡོངས་ནས་ཁྲིམས་སྐྱོང་ཞིང་ཆེན་འཛུགས་སྐྲུན་གྱི་གཅིག་བསྡུས་གཅིག་གྱུར་མགོ་ཁྲིད་རྒྱུན་འཁྱོངས་བྱས་པ་དང་། ཐོན་ལས་གནས་བཞིའི་འཕེལ་རྒྱས་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སོགས་ཁྱབ་ཁོངས་གཙོ་བོར་དམིགས་ནས། ཁྲིམས་འཛུགས་ལས་གཞི་ཁག25ལེགས་འགྲུབ་འབྱུང་བར་སྐུལ་འདེད་བཏང་། ཁྲིམས་འཛུགས་བྱ་བའི་རྐྱེན་སྲོལ་འཐུས་ཚང་བཙུགས་པ་དང་། ཐོག་མར་ཆོག་མཆན་ཐོབ་པའི་ཞིང་ཆེན་སྲིད་གཞུང་གི་གཞི་རིམ་ཁྲིམས་འཛུགས་འབྲེལ་གནས25གཏན་འཁེལ་བྱས་ཤིང་། བོད་ལྗོངས་དང་མཉམ་དུ་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཁུལ་ཁོངས་མཉམ་སྡེབ་ཀྱི་ཁྲིམས་འཛུགས་མཉམ་ལས་སྤེལ་ཏེ། སྲིད་འཛིན་ཁྲིམས་འཛུགས་ཀྱི་སྤུས་ཚད་དང་ལས་ཆོད་རྒྱུན་མཐུད་སྒོས་མཐོར་འདེགས་སུ་བཏང་། ཁྲིམས་འཛུགས་པ་དང་བཟོ་བཅོས་རྩིས་མེད་དུ་གཏོང་བ་བཅས་མཉམ་དུ་སྤེལ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། གོང་གི་བཅའ་ཁྲིམས་དང་འབྲེལ་ཡོད་སྲིད་ཇུས་དང་མི་མཐུན་པའི་ཞིང་ཆེན་རིམ་པའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་ཞིང་ཆེན་སྲིད་གཞུང་གི་སྒྲིག་སྲོལ28དུས་ཐོག་ཏུ་གཙང་བཤེར་བྱས་ནས། ཁྲིམས་ལུགས་གཅིག་གྱུར་ཡོང་བར་འགན་སྲུང་ཏན་ཏིག་བྱས།

ཞིང་ཆེན་ཁྲིམས་འཛིན་ཐིང་གིས་མི་དམངས་ཀྱི་བདེ་སྐྱིད་སྐུལ་སྤེལ་བྱེད་པའི་ཐད་ཤུགས་བཏོན་ནས། སྤུས་ལེགས་ནུས་མཐོའི་སྤྱི་བའི་ཁྲིམས་ལུགས་ཞབས་ཞུ་འདོན་སྤྲོད་བྱས། མི་དམངས་མང་ཚོགས་ཀྱི་ཉིན་རེའི་ཁྲིམས་སྐྱོང་དགོས་མཁོ་སྐོང་རྒྱུ་དམིགས་འབེན་དུ་བཟུང་ནས། མགྱོགས་མྱུར་ངང་སྤྱི་བའི་ཁྲིམས་ལུགས་ཞབས་ཞུའི་དངོས་གནས་དང་དྲ་རྒྱ། སྟེགས་བུ་བཅས་གཞི་གཅིག་ཅན་འཛུགས་སྐྲུན་བྱས་པ་དང་། ཁྲིམས་རྩོད་པ་དང་བདེན་དཔང་། ཁྲིམས་འཛིན་བརྟག་བཤེར། ཁྲིམས་ལུགས་རོགས་སྐྱོར། སྡེ་བའི་ཁྲིམས་ལུགས་བློ་འདྲི་ས་བཅས་ཕྱོགས་ཡོངས་ལ་ཁྱབ་པར་བྱས་ཏེ། དྲ་ངོས་ཀྱི་ཞབས་ཞུའི་བྱ་བ་སྣ་ཚོགས་ཀྱི་ཁྱབ་ཁོངས་སྔར་ལས་རྒྱ་བསྐྱེད་དུ་བཏང་། ཞིང་ཆེན་ཡོངས་ཀྱི་སྤྱི་བའི་ཁྲིམས་ལུགས་ཞབས་ཞུའི་ལྟེ་གནས5100ལྷག་བཙུགས་པ་དང་། གཞི་རྩའི་ཆ་ནས་ཞིང་ཆེན་དང་གྲོང་ཁྱེར། རྫོང་། ཤང་། གྲོང་ཚོ་བཅས་རིམ་པ་ལྔའི་ཕྱོགས་ཡོངས་ལ་ཁྱབ་ཡོད། རོགས་སྐྱོར་བྱེད་དགོས་སར་རོགས་སྐྱོར་བྱེད་རྒྱུན་འཁྱོངས་བྱས་ཏེ།  རྒྱུན་མཐུད་སྒོས་ཞིང་བ་ཞོར་ལས་པ་དང་། དབང་པོ་སྐྱོན་ཅན། རྒན་པ། ནར་མ་སོན་པའི་མི། བུད་མེད། དམག་མི་དང་དམག་མིའི་ཁྱིམ་མི་སོགས་མི་ཚོགས་གཙོ་བོར་ཁྲིམས་ལུགས་ཀྱི་རོགས་སྐྱོར་བྱས། །

རྩོམ་སྒྲིག་པ། : ཁོན་ཐར་འཚོ།