མཚོ་སྔོན་མགོ་ལོག་གི་སྲིད་འཛིན་ཁྲིམས་འཛིན་ལྟ་སྐུལ་བ་ཁག་དང་པོ་ལས་གནས་ཐོག་སྐྱོད་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན།  ཟླ11པའི་ཚེས20ཉིན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱིས་སྲིད་འཛིན་ཁྲིམས་འཛིན་ལྟ་སྐུལ་པ་ཁག་དང་པོའི་སྒོ་བྱང་དང་ལག་ཁྱེར་སྤྲོད་པའི་མཛད་སྒོ་འཚོགས་པ་དང་མགོ་ལོག་ཁུལ་གྱི་ལས་རིགས་ཁག་ནས་ཡོང་བའི་སྲིད་འཛིན་ཁྲིམས་འཛིན་ལྟ་སྐུལ་པ17དངོས་སུ་ལས་གནས་ཐོག་སླེབས་ཡོད།   

རྒྱུས་ལོན་བྱུང་བ་ལྟར་ན།     སྤྱི་ཚོགས་ལས་རིགས་ཁག་གིས་མགོ་ལོག་ཁུལ་གྱི་སྲིད་འཛིན་ཁྲིམས་འཛིན་བྱ་བར་ལྟ་སྐུལ་ནུས་ལྡན་བྱེད་པ་དང་སྤྱོད་གོ་ཆོད་པའི་སྲིད་འཛིན་ཁྲིམས་འཛིན་རེ་ཞུའི་འབྲེལ་གཏུག་ལམ་སྲོལ་འཛུགས་ཆེད།    ད་ལོའི་ཟླ7པར་མགོ་ལོག་ཁུལ་གྱིས《སྲིད་འཛིན་ཁྲིམས་འཛིན་མཐུན་སྦྱོར་ལྟ་སྐུལ་ལས་དོན་མ་ལག་འཛུགས་རྒྱུར་ཤུགས་སྣོན་བྱ་རྒྱུའི་སྐོར་གྱི་ལས་བགོས་ཇུས་གཞིར》གྲོས་འཆམ་བྱུང་ནས། ལས་རིགས་ཁག་གི་ཁྲོད་ནས་མགོ་ལོག་ཁུལ་གྱི་སྲིད་འཛིན་ཁྲིམས་འཛིན་ལྟ་སྐུལ་པ་ཁག་དང་པོ་འདེམས་རྒྱུའི་གཏན་འབེབས་བྱས།     མཐར་ཟླ་བ་གཉིས་ལྷག་ཙམ་འདེམས་སྒྲུག་དང་ཞིབ་བཤེར་བྱས་པ་བརྒྱུད་མགོ་ལོག་གི་ས་གནས་དེའི་ཁེར་རྐྱང་བཟོ་ཚོང་དུད་ཚང་དང་།    ཁེ་ལས་ཀྱི་འགན་འཁུར་བ།    ཏང་གི་སློབ་གྲྭའི་འཆད་ཁྲིད་དགེ་རྒན་བཅས་དང་དེ་བཞིན་ཁྲིམས་འཛིན་ལས་ཁུངས་ཀྱི་ལས་བྱེད་མི་སྣ།    སྨྱན་སྦྱོར་གྱི་གསར་འགོད་པ་བཅས་ལས་གྲུབ་པའི་སྲིད་འཛིན་ཁྲིམས་འཛིན་ལྟ་སྐུལ་པའི་དཔུང་ཁག་དངོས་སུ་བཙུགས།  

མགོ་ལོག་ཁུལ་ཁྲིམས་འཛིན་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཆི་ཅིན་ཧྲན་གྱིས་སྲིད་འཛིན་ཁྲིམས་འཛིན་ལྟ་སྐུལ་པའི་ལམ་ལུགས་འཛུགས་རྒྱུ་ནི་མགོ་ལོག་ཁུལ་གྱིས་སྲིད་འཛིན་ཁྲིམས་འཛིན་སྤུས་ཚད་ཇེ་མཐོར་གཏོང་བའི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞིའི་ཁྲོད་ཀྱི་ལྷུ་ཚིགས་གལ་ཆེན་ཞིག་རེད།     ཁག་དང་པོའི་སྲིད་འཛིན་ཁྲིམས་འཛིན་ལྟ་སྐུལ་པ17གདན་ཞུའི་དུས་ཡུན་ལོ་གསུམ་ཡིན་པ་དང་ཁོང་ཚོས་མགོ་ལོག་ཁུལ་གྱི་སྲིད་འཛིན་ཁྲིམས་འཛིན་བརྒྱུད་རིམ་ལ་ལྟ་སྐུལ་བྱ་རྒྱུ་དང་སྲིད་གཞུང་གི་སྲིད་འཛིན་ཁྲིམས་འཛིན་བརྒྱུད་རིམ་ཁྲོད“ཇུས་འདོན་ལས་རོགས”དང“འབྲེལ་ཟམ་ལྟ་ཐག”གི་ནུས་པ་འདོན་སྤེལ་བྱས་ནས་ཁྲིམས་འཛིན་གནས་ཚུལ་ཤེས་རྟོགས་དང་བསྡུ་རུབ་བྱས་ཏེ་ཁྲིམས་སྐྱོང་འཕེལ་རིམ་ལ་ཐབས་དང་ཇུས་འདོན་རྒྱུ་རེད།     དེ་དང་ཆབས་ཅིག་སྲིད་འཛིན་ཁྲིམས་འཛིན་མི་སྣའི་ཁྲིམས་འཛིན་བྱ་སྤྱོད་ལ་ལྟ་སྐུལ་བྱས་ནས་ཁྲིམས་ལུགས་འཛུགས་སྐྱོང་གི་དྲང་གཞག་དང་།    དྲང་བདེན།    ཡོངས་བསྒྲགས་བཅས་འགན་སྲུང་བྱེད་དགོས།     

ཆི་ཅིན་ཧྲན་གྱིས་ལྟ་སྐུལ་པས་ཚུར་ལན་སྤྲད་པའི་གནད་དོན་དང་ཁུངས་སྣེར་ཁྲིམས་འཛིན་སྡེ་ཚན་གྱིས་དོན་ཚན་རེ་རེ་བཞིན་ལག་བསྟར་བྱས་ཏེ་བྱ་བ་ཚང་མར་ལན་ཡོད་པ་དང་དོན་ཚང་མར་དོན་འཁྱོལ་ཐུབ་པ་བྱས་ནས་མགོ་ལོག་ཁུལ་གྱི་ཁྲིམས་སྐྱོང་འཛུགས་སྐྱོང་ལ་རྨང་གཞི་བརྟན་པོ་ཞིག་འདིང་རྒྱུ་ཡིན་ཞེས་བཤད།  

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།