མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ11པ་ནི་རྒྱལ་ཡོངས་ཀྱི་མེ་ཟོན་དྲིལ་སྒྲོག་ཟླ་བ་ཡིན་པ་དང་ད་ལོའི་དྲིལ་སྒྲོག་ཟླ་བའི་བྱེད་སྒོའི་བརྗོད་བྱ་གཙོ་བོ་ནི“དམངས་ཡོངས་ཀྱི་མེ་ཟོན་དང་ཚེ་སྲོག་གོང་དུ་བཀུར་བ”ཞེས་པ་དེ་རེད། དུས་ཡུན་རིང་པོའི་ནང་མཚོ་སྔོན་གྱིས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་བྱ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་ཨང་དང་པོར་བཞག་ནས་རིམ་ཁག་མེ་ཟོན་རོགས་སྐྱོབ་དཔུང་ཁག་གིས་མེ་སྐྱོན་སྔོན་འགོག་ཚོད་འཛིན་དང་། མེ་གསོད་རོགས་སྐྱོབ། ཡོམ་འགོག་གེགས་སེལ་སོགས་ཐད་འགག་རྩའི་རང་བཞིན་གྱི་ནུས་པ་འདོན་སྤེལ་བྱས་ཏེ་མི་དམངས་ཀྱི་མེ་ཟོན་གྱིས་མི་དམངས་ལ་འཁུར་བའི་འགན་འཁྲི་མངོན་པ་བྱས་ནས་ཞིང་ཆེན་དེ་ཡོངས་ཀྱི་མེ་ཟོན་བདེ་འཇགས་ཀྱི་དུས་བབ་རྒྱུན་མཐུད་དང་བརྟན་པོའི་ངང་ལེགས་སུ་འགྲོ་བཞིན་ཡོད། གནས་ཚུལ་སྤེལ་བར་གཞིགས་ན། 2023ལོ་བར་མཚོ་སྔོན་ཞིང་ཆེན་དུ་ལོ་5བསྟུད་མར་མེ་སྐྱོན་གྱི་ལས་འཛོལ་ཆེ་ཙམ་ཡན་ཐོན་མེད་པ་དང་ལོ་25ཡི་རིང་མེ་སྐྱོན་གྱི་ལས་འཛོལ་ཚབས་ཆེན་ཡན་ཐོན་མེད་པས་ཞིང་ཆེན་དེ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་བདེ་འཇགས་ཀྱི་ཁོར་ཡུག་བཟང་པོ་ཞིག་བཏོད་ཡོད།
བདེ་འཇགས་ནི་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་དང་སྤྱི་ཚོགས་འཆམ་མཐུན་བརྟན་ལྷིང་དང་འབྲེལ་བ་ཡོད་པ་ཞིག་ཡིན་པས། མཐོང་ཆེན་ཇི་ལྟར་བྱས་ཀྱང་སྐྱོན་མེད། ང་ཚོས་མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་བ་མཐའ་འཁྱོངས་བྱས་ཏེ་ཐོག་མཐའ་བར་གསུམ་དུ་བདེ་འཇགས་ཐོན་སྐྱེད་ཀྱི་རྩ་བ་དམ་པོར་འཛིན་པ་དང་། “དུས་དང་རྣམ་པ་ཀུན་ཏུ་སེམས་ཁྲལ་མེད་པའི”འགན་འཁྲི་ཁུར་སེམས་ཐོག་ནས་བདེ་འཇགས་ཐོན་སྐྱེད་དང་མེ་ཟོན་ལས་དོན་ལ་དམ་འཛིན་ནན་པོ་བྱེད་དགོས། མ་བྱུང་སྔོན་འགོག་ཏན་ཏིག་བྱས་ནས་གནོད་འཚེའི་གནས་ཚུལ་ཐོན་མ་ཐག་ནུས་ཆེ་དང་བདེ་འཇགས་ངང་ཐག་གཅོད་ཐུབ་པའི་འགན་ལེན་བྱས་ཏེ་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་མཐའ་གཅིག་ཏུ་བྱེད་དགོས། མེ་ཟོན་བདེ་འཇགས་ཀྱི་ཉེན་ཁ་སྔོན་འགོག་ལ་དམ་འཛིན་ནན་པོ་བྱེད་པ་དང་། དགུན་དུས་ཀྱི་མེ་སྐྱོན་དུས་བབ་ལ་ཞིབ་འཇུག་དང་བརྡར་ཤ་གཏིང་ཟབ་གཅོད་པ། ཁྱད་ཆོས་དང་ཆོས་ཉིད་གནད་ལ་འཁེལ་པོས་འཚོལ་བ། གློག་སྒུལ་རྐང་འཁོར་གྱི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྱི་འབྲེལ་ཐག་ཧྲིལ་པོ་བཅོས་སྒྲིག་དང་མེ་ཟོན་གྱི“ཚེ་སྲོག་བགྲོད་ལམ”ཤར་གཏོང་སོགས་ཀྱི་ལས་དོན་ལ་མུ་མཐུད་སྐུལ་འདེད་གཏོང་བ། ཚོང་ར་དང་ཁྲོམ་ར་སོགས་གཙོ་གནད་ཁུལ་དུ་མེ་ཟོན་བདེ་འཇགས་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བྱེད་པ། རང་སྐྲུན་ཁང་པ་སོགས་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་སྣ་ཚོགས་དུས་ཐོག་ཏུ་མེད་པ་བཟོ་བ། མེ་སྐྱོན་སྔོན་འགོག་དང་མེ་སྐྱོན་ཆུང་རིགས་ཚོད་འཛིན་མཐའ་གཅིག་ཏུ་བྱེད་པ་བཅས་བྱས་ནས་མེ་སྐྱོན་གྱི་དུས་བབ་བརྟན་པོ་ཡོང་རྒྱུར་སྲུང་སྐྱོང་ཏན་ཏིག་བྱེད་དགོས། མེ་ཟོན་དང་ནགས་ཚལ་མེ་ཟོན་གྱི་གཙོ་གནད་ཁྱབ་ཁོངས་ལ་དམིགས་ཏེ་ཕྱོགས་ཡོངས་ནས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་བྱེད་པ་དང་དག་ཐེར་དང་ཐོ་གསུབ་པ་དང་གདུབ་བཀག་དོ་དམ་དོན་འཁྱོལ་བྱས་ནས་མངོན་མེད་རྐྱེན་ངན་ཚང་བཤེར་མཐིལ་རྟོགས་ཐུབ་པའི་འགན་སྲུང་བྱེད་དགོས།
འགན་འཁྲིའི་འབྲེལ་ཐག་དམ་པོར་འཛིན་པ་དང་། དངོས་སུ་གཏོགས་སའི་དོ་དམ་འགན་འཁྲི་དང་། ལས་རིགས་ཀྱི་ལྟ་སྐུལ་དོ་དམ་འགན་འཁྲི། ཁེ་ལས་ཀྱི་བྱེད་པོའི་འགན་འཁྲི། ལས་བཟོ་པའི་ལས་གནས་འགན་འཁྲི་བཅས་མནན་ནས་བདེ་འཇགས་དོ་དམ་གྱི་གཞི་རིམ་རྨང་གཞི་བརྟན་དུ་གཏོང་བ་དང་བདེ་འཇགས་ཀྱི་མ་མཐའི་མཚམས་ཐིག་མཐའ་གཅིག་ཏུ་སྲུང་དགོས། བསླབ་བྱ་ལེན་པ་དང་། གཅིག་ཤེས་ཀུན་གྲོལ་བྱེད་པ། མངོན་མེད་རྐྱེན་ངན་གྲལ་བཤེར། ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བཅས་བྱས་ཏེ་སྣ་མང་ཅན་གྱི་འཕྲལ་སྡོམ་རོགས་སྐྱོབ་སྟོབས་ཤུགས་མ་ལག་བསྐྲུན་ནས་ཕྱོགས་བསྡུས་རོགས་སྐྱོབ་ནུས་པ་བརྒྱུད་རིམ་ལྡན་པའི་སྒོ་ནས་ཆེ་རུ་གཏོང་དགོས་པའི་བླང་བྱ་བཏོན་ཡོད་པ་རེད། གཞི་རིམ་གྱི་རྨང་གཞིར་དམིགས་ནས་མེ་ཟོན་སྒྲིག་བཀོད་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ་དང་། “བློ་རིག་གི་མེ་ཟོན་”ལ་མུ་མཐུད་སྐུལ་འདེད་གཏོང་བ། མཇུག་མཐའི་མེ་ཟོན་དོ་དམ་ལས་དོན་ཏན་ཏིག་སྒྲུབ་པ་བཅས་བྱེད་དགོས། དུས་མཚུངས་འཕྲལ་སྡོམ་ནང་སྦྱོང་དང་དམངས་ཡོངས་ཀྱི་བདེ་འཇགས་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་བརྒྱབ་ནས་བདེ་འཇགས་ཐོན་སྐྱེད་ཀྱི་དོ་དམ་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་དམངས་ཡོངས་ཀྱི་མེ་ཟོན་བྱང་ཚད་མཐིལ་རྟོགས་བརྟག་དཔྱད་དང་། གྱོད་དཔེ་གསལ་བརྡ། མངོན་མེད་རྐྱེན་ངན་ཕྱིར་འདོན། ཚན་རིག་ཁྱབ་གདལ་གྱི་དྲན་སྐུལ་བཅས་བྱས་ཏེ་གཉེར་སྐྱོང་རང་བཞིན་གྱི་རང་སྐྲུན་དང་དགུན་དུས་མེ་དང་། གློགསོལ་རླངས་བཅས་ཀྱི་མེ་ཟོན་ཤེས་བྱ་ཁྱབ་གདལ་དྲིལ་བསྒྲགས་གཏིང་ཟབ་བྱས་ནས་དམངས་ཡོངས་ཀྱི་མེ་ཟོན་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་བཏང་སྟེ་མེ་ཟོན་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་ཐུན་མོང་ཐོག་གཏོད་རྒྱུ་རེད།