ཟི་ལིང་རིམས་འགོག་ལྟེ་གནས་ཀྱིས་ནོ་རོ་ནད་དུག་སྔོན་འགོག་བྱེད་ཐབས་ཁྱབ་སྒྲོག་བྱས་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་ཆར། རྒྱལ་ནང་གི་ས་ཆ་མང་པོ་ཞིག་གིས་ནོ་རོ(诺如病毒)ནད་དུག་འགོས་པའི་ནད་དཔེ་དང་འདུས་ཚོགས་རང་བཞིན་གྱི་རིམས་ནད་བྱུང་ཚུལ་སྤེལ་ཡོད། དེ་ཡང་ནོ་རོ་ནད་དུག་འགོས་པར་ནད་རྟགས་གང་དག་ཡོད་པ་དང་། དེ་ཇི་ལྟར་སྔོན་འགོག་བྱེད་དགོས་ཞེ་ན། ཟི་ལིང་གྲོང་ཁྱེར་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱིས་རྒྱ་ཆེའི་གྲོང་མི་རྣམས་ལ་སློབ་གྲྭ་དང་བུ་བཅོལ་ཁང་སོགས་མི་ཚོགས་འདུ་འཛི་ཆེ་ས་ནི་ནོ་རོ་ནད་དུག་འགོ་མང་བའི་གནས་ཡིན་པས། ཁྱིམ་ཚང་དང་། སློབ་གྲྭ བུ་བཅོལ་ཁང་བཅས་ཀྱིས་ནོ་རོ་ནད་དུག་དང་དེའི་ཤེས་བྱ་ཁྱབ་གདལ་ཐད་ལ་ཤུགས་སྣོན་བརྒྱབ་སྟེ། ཚན་རིག་མཐུན་པའི་སྒོ་ནས་འགོས་མཆེད་ཚབས་ཆེན་ལསས་གཡོལ་བར་དྲན་སྐུལ་བྱས་འདུག །

ནོ་རོ་ནད་དུག་ནི་མྱུར་བའི་རང་བཞིན་གྱི་ཕོ་རྒྱུའི་གཉན་ཚད་སློང་བའི་རྒྱུན་མཐོང་གི་ནད་གཞི་རིགས་ཤིག་ཡིན། ནོ་རོ་ནད་དུག་ལ་ངོ་བོ་འགྱུར་སླ་ཞིང་ཁོར་ཡུག་གི་ནད་འགོག་ནུས་པ་ཆེ་བ། འགོས་ཀྱང་ན་ཚ་སློང་ཉུང་བ།  འགོས་རྗེས་བག་ཉལ་དུས་ཡུན་ཐུང་བ། དུག་འདོར་དུས་ཡུན་རིང་བ། རིམས་འགོག་སྲུང་སྐྱོང་གི་དུས་ཡུན་ཐུང་བ། སྣོལ་སྡེབ་སྲུང་སྐྱོང་ཞན་པ། འགོས་མཆེད་བྱེད་སྟངས་མང་བ་སོགས་ཀྱི་ཁྱད་ཆོས་ལྡན། སློབ་གྲྭ་དང་བུ་བཅོལ་ལས་ཁུངས་སོགས་ཁོར་ཡུག་ཚགས་དམ་ཞིང་མི་ཚོགས་ཆེ་སར་དོན་རྐྱེན་འབྱུང་སླ། ནོ་རོ་དེ་ལོ་ཧྲིལ་པོར་འབྱུང་བ་ཞིག་ཡིན་ལ། དེ་ལས་སྟོན་དགུན་དུས་ཚིགས་གཉིས་སུ་འབྱུང་སྐྱེན་པ་ཞིག་ཡིན་ཏེ།  ལོ་རེའི་ཟླ10པ་ནས་ཕྱི་ལོའི་ཟླ3པའི་བར་ནི་རང་རྒྱལ་གྱི་ནོ་རོ་ནད་དུག་གི་འགོས་ནད་འབྱུང་མང་བའི་དུས་ཚིགས་རེད།

ནོ་རོ་ནད་དུག་འགོས་ནས་བག་ལ་ཉུལ་བའི་དུས་ནི་རྒྱུན་པར་དུས་ཚོད24ནས་ཆུ་ཚོད48བར་ཡིན་ལ། ཆེས་ཐུང་ན་དུས་ཚོད12དང་ཆེས་རིང་ན་དུས་ཚོད72རེད། མི་སུ་ཡིན་ཡང་འགོ་སླ་བ་ཞིག་ཡིན་ལ། ནད་དུག་འགོས་རྗེས་ནད་གཞི་ལྕི་མོ་མིན་ཡང་། ཆེས་རྒྱུན་མཐོང་གི་ནད་རྟགས་གཙོ་བོ་ནི་སྐྱུག་པ་དང་ཁོག་པ་བཤལ་བ་ཡིན། གཞན་ཞེན་ཁ་ལོག་པ། ཕོ་བ་ན་བ། མགོ་ན་བ། ཚ་རྒྱས་པ། གྲང་རེག་ལ་སྐྲག་པ། ཤ་གནད་ན་བ་སོགས་ཀྱང་དེའི་ནད་རྟགས་ཡིན། བྱིས་པ་ཡིན་ན་མང་ཆེ་ཤས་སྐྱུག་ལངས་བ་ཡིན། མི་དར་མ་ཡིན་ན་མང་ཆེ་ཤས་ཁོག་པ་ཆུ་འདྲ་བཤལ་བ་ཡིན་ལ།   དེ་ནི་ཚོད་འཛིན་རང་བཞིན་གྱི་ནད་ལ་གཏོགས། ནད་པ་མང་ཆེ་བར་ནད་ཕོག་ནས་ཉིན་གཉིས་ནས་གསུམ་གྱི་རྗེས་སུ་དྲག་ཐུབ། བྱིས་པ་དམར་འབྱར་དང་། རྒན་རྒོན(ལྷག་པར་དུ་རྨང་གཞིའི་ནད་གཞི་ཡོད་མཁན)ལ་ཧ་ཅང་གནོད་དེ་ནད་ལྕི་མོར་འགྱུར་སླ་བ་མ་ཟད་ཐ་ན་སྲོག་ཡང་འཁྱེར་འགྲོ་བས་ཉེན་ཁ་ཆེ།

ནོ་རོ་ན་ནད་དུག་ནི་གཙོ་བོ་བཤང་ཁ་བརྒྱུད་ནས་འགོ་ཁྱབ་བྱེད་པ་ཞིག་སྟེ།  འགོ་ཁྱབ་བྱེད་སྟངས་སྣ་ཚོགས་ཡོད། དཔེར་ན་འབག་བཙོག་ཐེབས་པའི་བཟའ་བཅའ་དང་ཆུ་ལྟ་བུ། ནད་པའི་གཅིན་སྐྱག་དང་སྐྱུག་རྫས། འབག་བཙོག་ཐེབས་པའི་ལག་པ་དང་དངོས་པོའམ་ཡོ་བྱད། སྐྱུག་པ་ལས་བྱུང་བའི་རླུང་ཞུ་སྤྱིན་ལྟ་བུ་ཡིན། ལྷག་པར་དུ་དོ་སྣང་བྱེད་དགོས་ས་ཞིག་ནི།  ཉ་སོག་སོགས་ཕྱི་ཤུན་ཅན་གྱི་འགྲོན་བུའི་རིགས་སོགས་སུ་མཚོ་ཆུའི་ནང་གི་ནོ་རོ་ནད་དུག་བསགས་ཡོད་པས། དེ་རིགས་ནི་ཉེན་ཁ་ཆེ་བའི་ཟས་རིགས་ཡིན།        གོང་དུ་བཤད་པ་རྒྱུ་མཚན་དུ་བྱས་ནས་ནོ་རོ་ནད་དུག་སྔོན་འགོག་ལ་བྱེད་ཐབས་ལེགས་པོ་སྤྱོད་དགོས། སློབ་མ་དང་བྱིས་པ་གཉོར་མཁན་གྱིས་ལག་པར་གཙང་སྦྲ་དང་ལག་པ་གཙང་འཁྲུད་བྱ་དགོས་པ་མ་ཟད། ཆུ་ཁོལ་འཐུང་བ་དང་། ཟས་ཚོས་མ་ཟ་བ། ཀྭ་རིགས་དང་ཤིང་ཏོག་རློན་པར་ཟ་སྐབས་གཙང་མར་བཀྲུ་དགོས་ལ། ཟས་རློན་པའམ་ཡང་ན་ཕྱེད་རློན་མི་ཟ་བར་གྱིས། ནང་སྒོས་སུ་འགྲོན་བུའི་རིགས་སོགས་མཚོ་དང་ཆུ་ཐོན་དངོས་རྫས་རིགས་སྤྱོད་སྐབས་ངེས་པར་དུ་འཚོས་དགོས། གལ་ཏེ་ནོ་རོ་ནད་དུག་འགོས་རྗེས་ཁྱིམ་དུ་ལོགས་སུ་སྡོད་དགོས་ལ།དེ་དུས་ཡུན་ནི་ ནད་རྟགས་ཡོངས་སུ་ཡལ་རྗེས་ཀྱི་ཆུ་ཚོད72ཡིན། ཁྱིམ་ནང་ལོགས་སུ་བསྡད་དེ་ཕྱི་ལ་འགྲོ་མི་རུང་བ་དང་། ནད་དུག་མི་གཞན་ལ་འགོ་བར་སྔོན་འགོག་བྱ་དགོས།

ཁྱིམ་བདག་གིས་བྱིས་པར་ཟ་མ་མ་ཟོས་གོང་དང་གཅིན་སྐྱག་བཏང་རྗེས་ལག་པ་བཀྲུ་བའི་གོམས་གཤིས་ཆགས་སུ་འཇུག་དགོས་པར་མ་ཟད། ལུས་རྩལ་སྦྱོང་བརྡར་ལ་ཤུགས་སྣོན་དང་། བཟའ་བཏུང་སྙོམས་སྒྲིག ལུས་པོའི་ནད་འགོག་ནུས་པ་མཐོར་འདེགས་བཅས་བྱ་དགོས།  གལ་ཏེ་བྱིས་པར་ནད་འགོས་ཡོད་ཚེ། ངེས་པར་དུ་སློབ་གྲྭ་དང་སྨན་བཅོས་འཕྲོད་བསྟེན་སྡེ་ཁག་ལ་གཞོགས་འདེགས་བྱས་ཏེ་བྱིས་པའི་གཅིན་སྐྱག་གི་མ་དཔེ་རེ་གནས་གཏན་འཁེལ་གྱི་ས་གནས་སུ་བསྐྱལ་ནས་ནད་རྒྱུ་རིག་པའི་ཞིབ་དཔྱད་ཚད་ལེན་བྱེད་དགོས།   བྱིས་པ་ཁྱིམ་དུ་ངལ་གསོ་བྱེད་དུ་བཅུག་སྟེ་ནད་རྟགས་མེད་པར་གྱུར་རྗེས་ཆུ་ཚོད་72ནང་ཡང་བསྐྱར་སློབ་ཁྲིད་ལ་འཇུག་དགོས་པ་དང་། ནད་པའི་གཅིན་སྐྱག་དང་སྐྱུག་རྫས། དེ་མིན་ནད་པའི་ནད་དུག་འགོས་པའི་གྱོན་ཆས་དང་ས་ངོས། དངོས་གཟུགས་ཀྱི་ཕྱི་ངོས་བཅས་ལ་ཁིལ་འདུས་བཟོས་སྨན་སྤྱད་ནས་དུག་སེལ་བྱ་དགོས། བཟའ་ཆས་ཡོ་བྱད་སྐར་མ30ཙམ་ལ་བཙོས་ནས་དུག་སེལ་བྱ་དགོས། ཁྱིམ་བདག་གིས་སྦགས་བཙོག་དངོས་པོ་ཐག་གཅོད་བྱེད་སྐབས་རང་ཉིད་ལ་འགོག་སྲུང་བྱ་དགོས། བྱིས་པར་ནད་ཕོག་པའི་རྗེས་སུ་སེམས་ཁུར་ཆེན་པོ་བྱ་མི་དགོས། ནོ་རོ་ནད་དུག་མྱུར་བའི་རང་བཞིན་གྱི་ཕོ་རྒྱུའི་གཉན་ཚད་ནི་རང་ཚོད་རང་བཞིན་གྱི་ནད་ཅིག་ཡིན་ལ། ནད་གཞི་ཡང་པོ་ཡིན། ནད་ཡུན་སྤྱིར་བཏང་དུ་ཉིན་གཉིས་ནས་གསུམ་བར་ཡིན་ཞིང་མཇུག་འབྲས་ངན་པ་མེད། མིག་སྔར་ཕན་ནུས་ཆེ་བའི་ནད་དུག་འགོག་པའི་སྨན་རྫས་མེད་པས། ནད་ལ་བལྟས་ནས་སྨན་བཅོས་བྱེད་པ་གཙོ་བོར་འཛིན་དགོས། གལ་ཏེ་སྐྱུག་བཤལ་གྱི་ནད་རྟགས་ཚབས་ཆེ་ན་སྨན་བཅོས་སྡེ་ཁག་ཏུ་སོང་ནས་སྨན་བཅོས་བྱེད་དགོས།  སློབ་གྲྭ་དང་བུ་བཅོལ་ཁང་དུ་སྔ་དྲོར་ཞིབ་བཤེར་དང་། ལས་ཆད་ཐོ་འགོད། ནད་དཔེ་རྗེས་སྙེགས། སློབ་ཁྲིད་བསྐྱར་གསོའི་ར་སྤྲོད་ཞིབ་བཤེར་སོགས་ཀྱི་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་དགོས་ཤིང་།  དུག་སེལ་དངོས་རྫས་དང་རང་གི་འགོག་སྲུང་དངོས་རྫས་འདང་ངེས་གྲ་སྒྲིག་བྱ་དགོས། དུས་བཅད་ལྟར་སློབ་གྲྭའི་ནང་གི་མི་ཚོགས་འདུ་ས་སྟེ་དཔེར་ན་སློབ་ཁང་དང་ཉལ་ཁང་། ཟ་ཁང་། སྤྱོད་ཁང་ལ་དུག་སེལ་བྱེད་དགོས་པ་མ་ཟད།  སྒོའི་ལག་འཇུས་དང་། ཐེམ་སྐས་ཀྱི་ལག་འཇུས། ཆུ་རྫིང་། ཆབ་གཞོང་། གློག་སྐས་ཀྱི་མཐེབ་གནོན་སོགས་ལ་གཙང་དག་དང་དུག་སེལ་བྱ་དགོས། ཟ་ཁང་གི་ལས་ཞུགས་མི་སྣས་བདེ་ཐང་དོ་དམ་དང་འགོས་ནད་སྐོར་གྱི་ཤེས་བྱ་སྦྱོང་བརྡར་ལ་ཤུགས་སྣོན་རྒྱག་དགོས་པ་མ་ཟད། སློབ་གྲྭའི་འཐུང་ཆུ་དང་བཟའ་བཅའི་བདེ་འཇགས་ལ་དོ་དམ་ཡག་པོ་བྱེད་དགོས། འཛིན་གྲྭའི་ནང་གི་སློབ་མ་ཞིག་སྐྱུག་པའི་སྐབས་སུ། དཔེ་ཁྲིད་དགེ་རྒན་གྱིས་མྱུར་དུ་སློབ་གྲོགས་གཞན་སྐྱུག་རོ་དང་རིང་དུ་འབྲལ་དགོས་པའི་བརྡ་གཏོང་དགོས་པ་དང་། དེ་དང་མཉམ་དུ་ནད་བྱུང་བའི་བྱིས་པ་ལོགས་སུ་བཀར་ཏེ་སློབ་གྲྭའི་སྨན་པར་ཡར་ཞུ་བྱེད་དགོས་པ་མ་ཟད། སློབ་གྲྭའི་སྨན་པ་དང་གཙང་སྦྲ་བྱེད་མཁན་དང་མཉམ་དུ་སྐྱུག་རོ་གཙང་དག་བྱེད་དགོས། དོས་དྲག་ཕོ་རྒྱུའི་གཉན་ཚད་མཆེད་པའི་དུས་སུ་སློབ་གྲྭས་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་ཁག་དོན་འཁྱོལ་ནན་པོ་བྱེད་དགོས་པའི་སྔོན་འགོག་བྱེད་ཐབས་མང་པོ་བཏོན་ཡོད་པ་རེད།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།