མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ད་ལོ་ནས་བཟུང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་གིས་མི་ཕྱུགས་ཀྱི་འཐུང་ཆུའི་བདེ་འཇགས་སྲ་བརྟན་མཐོར་གཏོང་ལས་གཞིར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་། ཟླ10པའི་ཚེས23ཉིན་བར་ལས་གཞིར་མ་དངུལ་སྒོར་ཁྲི2188.73བཏང་བར་དུད་ཚང2764དང་མི་གྲངས14358ལ་ཕན་པ་ཐོབ།
རྩེ་ཁོག་རྫོང་ནི་མཐོ་སྒང་ན་ཡོད་པས། མི་ཕྱུགས་ཀྱི་འཐུང་ཆུའི་གནད་དོན་ནི་ས་གནས་དེའི་འཕེལ་རྒྱས་དང་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་ཇེ་མཐོར་འགྲོ་བར་ཚོད་འཛིན་བྱེད་པའི་འགོག་རྐྱེན་ཞིག་རེད། གནད་དོན་དེ་ཐག་གཅོད་མཐར་ཕྱིན་པ་བྱ་ཆེད་རྩེ་ཁོག་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་དང་སྒྲིག་འཛུགས་ཞིབ་ཚགས་བྱས་ཏེ། ལས་དོན་འགོ་ཁྲིད་ཚོ་ཆུང་བཙུགས་པ་དང་ཆེད་དོན་ཚོགས་འདུ་ཐེངས་མང་འཚོགས་ནས་ལས་གཞི་འཛུགས་སྐྲུན་གྱི་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས། དེ་དང་ཆབས་ཅིག་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས་ལས་གཞི་བདེ་བླག་ངང་ལག་ལེན་བསྟར་བར་འགན་སྲུང་ནུས་ལྡན་བྱས།
རྩེ་ཁོག་རྫོང་གིས་ཆེད་ལས་ལག་རྩལ་མི་སྣ་སྒྲིག་འཛུགས་བྱས་ནས་ཡུལ་དངོས་སུ་བསྐྱོད་དེ་རྫོང་ཡོངས་ཀྱི་ཆུ་ཁུངས་དང་། ས་དབྱིབས། མི་འབོར་ཁྱབ་ཚུལ་སོགས་ཀྱི་གནས་ཚུལ་ལ་བརྟག་དཔྱད་དང་དབྱེ་ཞིབ་ཞིབ་ཕྲ་བྱས་པ་མ་ཟད། ཆུ་མཁོ་འདོན་སྒྲིག་ཆས་དང་ཆུ་འདྲེན་མདོང་ལམ་བཀོད་སྒྲིག་ལུགས་མཐུན་བྱས།
ལས་གཞི་དེ་ལག་ལེན་ཏུ་བསྟར་བ་བརྒྱུད་ས་གནས་དེའི་མང་ཚོགས་དང་ཕྱུགས་རིགས་འབོར་ཆེན་གྱི་འཐུང་ཆུ་བདེ་འཇགས་ཀྱི་གནད་དོན་ཐག་གཅོད་ཐུབ་ཡོད། དུས་མཚུངས་ཆུ་མཁོ་འདོན་བརྟན་པོ་བྱས་པ་དེས་ས་གནས་དེའི་གསོ་ཚགས་ལས་རིགས་ལ་འགན་སྲུང་བྱས་ནས་ནོར་ལུག་གསོ་ཚགས་ཐོན་ལས་འཕེལ་རྒྱས་ལ་སྐུལ་མ་ཐེབས།
མི་ཕྱུགས་ཀྱི་འཐུང་ཆུའི་བདེ་འཇགས་སྲ་བརྟན་མཐོར་གཏོང་འདུ་འགོད་ཀྱིས་རྩེ་ཁོག་རྫོང་གི་དཔལ་འབྱོར་འཕེལ་རྒྱས་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་མ་ཐེབས་ཏེ། རྩེ་ཁོག་རྫོང་གིས་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་ཆེད་རྨང་གཞི་བརྟན་པོ་ཞིག་བཏིངས་། རྩེ་ཁོག་རྫོང་གིས་འབྲོག་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་མ་དངུལ་གཏོང་ཤུགས་མུ་མཐུད་ཆེ་རུ་བཏང་ནས་མི་ཕྱུགས་ཀྱི་འཐུང་ཆུའི་བདེ་འཇགས་འགན་སྲུང་མ་ལག་འཐུས་ཚང་དུ་གཏོང་བ་དང་། དུས་མཚུངས་ཆུ་ཁུངས་སྲུང་སྐྱོང་དང་ཆུའི་སྤུས་ཚད་ལྟ་ཞིབ་ཚད་ལེན་ལ་ཤུགས་སྣོན་བརྒྱབ་སྟེ་ལས་གཞི་ཡུན་རིང་བརྟན་པོའི་ངང་འཁོར་སྐྱོད་ཐུབ་པར་འགན་ལེན་བྱ་རྒྱུ་རེད།