མཚོ་སྔོན་ཞིང་ཆེན་གྱིས་ལུས་གསོའི་ཡོ་བྱད་བོགས་གཡར་ཞབས་ཞུའི་ལྟེ་གནས་ས་ཚིགས་ཞེ་ལྔ་བཙུགས།

ཡོང་ཁུངས། རྒྱང་སྒྲོག་བརྙན་འཕྲིན་ཁང་།

ཟླ10པའི་ཚེས25ཉིན། ཞིང་ཆེན་དམངས་སྲིད་ཐིན་གྱིས་གནས་ཚུལ་བསྒྲགས་པ་ལྟར་ན། ད་ལོར། རང་ཞིང་གིས་མ་དངུལ་སྒོར་ས་ཡ་དྲུག་དང་འབུམ་གཉིས་བཏང་ནས་ལུས་གསོའི་ཡོ་བྱད་བོགས་གཡར་ལས་གཞིའི་ཚོད་ལྟའི་ས་ཚིགས་བཙུགས་པ་དང་། བོགས་གཡར་ཁྱད་ཆོས་དང་འཚམ་པའི་ལུས་གསོའི་ཡོ་བྱད་ཐོན་རྫས་རིགས་སུམ་ཅུ་མཁོ་སྤྲོད་བྱས། མིག་སྔར། ཞིང་ཆེན་ཡོངས་ཀྱི་ལུས་གསོའི་ཡོ་བྱད་བོགས་གཡར་ཞབས་ཞུའི་ལྟེ་གནས་ས་ཚིགས་ཞེ་ལྔ་བཙུགས་པ་དང་། ཞིང་ཆེན་ཡོངས་ཀྱི་རྫོང་སོ་གཅིག་གི་སྡེ་ཁུལ་བརྒྱ་དང་བརྒྱད་ཅུར་ཁེབས་ཡོད་ལ། ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར་ཡོངས་སུ་ཁེབས་ཤིང་མང་ཚོགས་ཀྱི་ཡིད་ཚིམ་ཚད་བརྒྱ་ཆའི་གོ་དགུར་སླེབས།

ད་ལོར། རང་ཞིང་གི་ས་ཁུལ་མང་པོས་སྡེ་ཁུལ་གྱི་ལུས་གསོའི་ཡོ་བྱད་བོགས་གཡར་ཞབས་ཞུའི་ལྟེ་གནས་ས་ཚིགས་ལས་གཞིའི་འབྲེལ་ཡོད་ཚད་གཞིར་དམིགས་ནས། དབང་པོ་སྐྱོན་ཅན་ཅུང་མང་བའི་སྡེ་ཁུལ་དུ་ཆེད་དམིགས་ཀྱི་ལུས་གསོའི་ཡོ་བྱད་བོགས་གཡར་ཞབས་ཞུའི་ལྟེ་གནས་ས་ཚིགས་བཙུགས་པ་དང་། རིགས་ཆ་ཚང་བའི་རྐུབ་སྟེགས་འཁོར་ལོ་ཅན་དང་ལག་རྟེན། བགྲོད་ཕན་ཡོ་བྱད་སོགས་བཀོད་སྒྲིག་བྱས་ནས་དབང་པོ་སྐྱོན་ཅན་གྱི་ལུས་གསོའི་དགོས་མཁོ་བསྐངས་ཏེ། ཁོ་ཚོའི་འཚོ་བའི་སྤུས་ཚད་མཐོར་འདེགས་བཏང་། མང་ཚོགས་ཀྱིས་སྡེ་ཁུལ་གྱི་བོགས་གཡར་ཞབས་ཞུའི་ལྟེ་གནས་ས་ཚིགས་ཀྱི་ཡུལ་དངོས་དང་དྲ་སྟེང་བརྒྱུད་ནས་བོགས་གཡར་ཞབས་ཞུ་ལོངས་སྤྱོད་བྱེད་ཐུབ།

ལས་གཞིའི་སྤྱི་ཚོགས་ཕན་འབྲས་འདོན་སྤེལ་གང་ལེགས་བྱེད་པར་ཁག་ཐེག་བྱ་ཆེད། རང་ཞིང་གི་ས་ཁུལ་མང་པོའི་དམངས་སྲིད་སྡེ་ཁག་གིས་སྡེ་ཁུལ་གྱི་དྲིལ་སྒྲོག་བྱང་བུ་དང་སྐད་འཕྲིན་སྤྱི་སྟེགས་སོགས་བརྒྱུད་ནས་དྲིལ་སྒྲོག་བྱེད་ཤུགས་ཇེ་ཆེར་བཏང་བ་དང་། སྡེ་ཁུལ་གྱི་ལུས་གསོའི་ཡོ་བྱད་བོགས་གཡར་ཞབས་ཞུ་དྲིལ་སྒྲོག་བྱས་ནས། དབང་པོ་སྐྱོན་ཅན་གྱི་མི་སྣ་དང་དེའི་ཁྱིམ་མིའི་ཤེས་རྟོགས་ཚད་དང་ཟབ་ཞུགས་ཚད་ཇེ་མཐོར་བཏང་། ཞིང་ཆེན་དམངས་སྲིད་ཐིན་གྱི་འབྲེལ་ཡོད་ལས་བྱེད་མི་སྣས་བཤད་རྒྱུར། རྒྱ་ཆེའི་དབང་པོ་སྐྱོན་ཅན་གྱི་མི་སྣ་དང་། རྒན་རྒོན། ནད་པ་སོགས་ཀྱིས་ཁྱིམ་དང་ཐག་ཉེ་ས་ནས་མ་རྩ་གཏོང་མི་དགོས་པར་དུས་ཡུན་ཐུང་ངུའི་དགོས་མཁོ་སྐོང་ལྟར་འཕྲལ་བསྟུན་ཞབས་ཞུ་ལོངས་སྤྱོད་བྱེད་ཐུབ་ལ། དུས་ལྟར་གཡོར་ཐུབ་པ་དང་ཕྱིར་སྤྲོད་ཐུབ་པས་ཐོན་ཁུངས་གྲོན་ཆུང་བྱས་ཏེ། ཁྱིམ་ཚང་གི་དཔལ་འབྱོར་ཁུར་པོ་ཇེ་ཡང་དུ་བཏང་ཡོད། ས་ཁུལ་སོ་སོའི་དམངས་སྲིད་སྡེ་ཁག་གིས་ལྟ་སྐུལ་དོ་དམ་ཕྱོགས་ལ་ནུས་ཤུགས་བཏོན་ནས། འབྲེལ་ཡོད་ལག་བསྟར་ལས་ཁུངས་ཀྱིས་དུས་ལྟར་ལུས་གསོའི་ཡོ་བྱད་ལ་དུག་སེལ་དང་ཉིན་རྒྱུན་སྲུང་སྐྱོབ་སོགས་བྱས་པའི་བྱ་བར་དུས་ཐོག་ཏུ་ལྟ་སྐུལ་བྱེད་པ་དང་། ཁུལ་ཁོངས་སྡོད་དམངས་ཀྱིས་ལུས་གསོའི་ཡོ་བྱད་བདེ་འཇགས་ངང་བེད་སྤྱོད་པར་འགན་ལེན་བྱེད་རྒྱུ་ཡིན་ཟེར།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།