ཡུས་ཧྲུའུ་ཁུལ་གྱི་མཁར་གྲོང་སྡོད་དམངས་ཀྱི་རྒན་གསོའི་འགན་བཅོལ་གཞི་རྩའི་ཆ་ནས་ཁྱོན་ཡོངས་ལ་ཁྱབ།

ཡོང་ཁུངས། རྒྱང་སྒྲོག་བརྙན་འཕྲིན་ཁང་།

ད་ལོར།  ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱིས་འགན་བཅོལ་ཁྲོད་ཞུགས་པའི་ཞབས་ཞུ་བྱ་ཡུལ་གྱི་འགག་གནད་དང་དཀའ་གནད་སོགས་ཀྱི་གནད་དོན་ལ་དམིགས་ཏེ། ཚད་མཐའ་སྲུང་བ་དང་དྲ་བ་བཟོ་བ།       ལམ་སྲོལ་འཛུགས་པ་བཅས་ཀྱི་བླང་བྱ་ལྟར། ལས་དོན་སྒྲུབ་སྟངས་དང་བྱེད་ཐབས་རྒྱུན་ཆད་མེད་པར་ལེགས་བཅོས་དང་གསར་གཏོད་བྱས་ཏེ།   འགན་བཅོལ་ཁྲོད་ཞུགས་མཁན་ལ་མྱུར་ཚད་ལྡན་པ་དང་།  དྲོད་ཚད་ལྡན་པ། སྟབས་བདེ་ཡིན་པ་བཅས་ཀྱི་སྤྱི་ཚོགས་འགན་བཅོལ་ཞབས་ཞུ་ལོངས་སུ་སྤྱོད་ཐུབ་པར་བྱས།

ཟླ10ཚེས21ཉིན།  ཡུས་ཧྲུའུ་ཁུལ་གྱི་སྤྱི་ཚོགས་འགན་བཅོལ་ཞབས་ཞུ་ཅུའུ་ཕྱོགས་བསྡུས་པུའུ་ཡི་པུའུ་ཀྲང་ལིའུ་ཅིན་གྱིས་བཤད་རྒྱུར།  མིག་སྔའི་བར།  ཡུས་ཧྲུའུ་ཁུལ་གྱི་མཁར་གྲོང་སྡོད་དམངས་ལ་ཁྱབ་པའི་སྤྱི་ཚོགས་འགན་སྲུང་མ་ལག་གཞི་རྩའི་ཆ་ནས་བཙུགས་པ་དང་། དམངས་ཕན་བྱེད་ཐབས་འབོར་ཆེན་ཞིག་དོན་འཁྱོལ་ལག་བསྟར་བྱས་པས།  ཁུལ་ཡོངས་ཀྱི་མཁར་གྲོང་སྡོད་དམངས་ཀྱི་ཐོབ་སྣང་དང་སྐྱིད་སྣང་མངོན་གསལ་སྒོས་ཇེ་མཐོར་སོང་ཡོད་ཟེར།

ཡུས་ཧྲུའུ་ཁུལ་སྤྱི་ཚོགས་འགན་བཅོལ་ཞབས་ཞུ་ཅུའུ་ཡིས་གཙོ་གནད་དམ་འཛིན་དང་། ཞན་ཆ་གསབ་པ། ཉམས་ཞན་སྟོབས་ཆེར་གཏོང་བ། ཉེན་ཁ་འགོག་པ་བཅས་རྒྱུན་འཁྱོངས་བྱས་ཏེ། སྤྱི་ཚོགས་འགན་བཅོལ་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་པ་དང་།  ཁུལ་ཡོངས་སུ་སྤྱི་ཚོགས་འགན་བཅོལ་གྱི་བྱང་བུ་ཡོད་མཁན་འབུམ་གསུམ་དང་ཁྲི་དགུ་སྟོང་གཅིག་ལྷག་ལ་སླེབས་ནས།   མཁར་གྲོང་སྡོད་དམངས་ཀྱི་རྒན་གསོའི་འགན་བཅོལ་གཞི་རྩའི་ཆ་ནས་ཁྱོན་ཡོངས་ལ་ཁྱབ་པར་བྱས། མིག་སྔའི་བར་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོ་པའི་རྒན་གསོའི་འགན་བཅོལ་ལ་ཞུགས་མཁན་མི་གྲངས་ཁྲི་གཉིས་དང་སྟོང་གཉིས་ཉིས་བརྒྱ་གྱ་བརྒྱད་ཡོད་པ་དང་། ལོ་ཧྲིལ་པོའི་དམིགས་འབེན་ལས་འགན་མི་གྲངས་ཁྲི་གཉིས་དང་སྟོང་གཅིག་སུམ་བརྒྱ་ཉེར་གསུམ་གྱི་བརྒྱ་ཆའི་བརྒྱ་ལྷག་ཡོངས་འགྲུབ་བྱས།  མཁར་གྲོང་སྡོད་དམངས་ཀྱི་རྒན་གསོའི་འགན་བཅོལ་ལ་ཞུགས་མཁན་མི་གྲངས་འབུམ་གཉིས་དང་ཁྲི་བཞི་སུམ་བརྒྱ་ལྷག་ཡོད་པས།  འགན་ལེན་བྱེད་དགོས་རིགས་ཚང་མ་འགན་ལེན་ཐུབ་པ་བྱུང་ཡོད། ལས་ཤོར་འགན་བཅོལ་ནང་ཞུགས་མཁན་མི་གྲངས་ཁྲི་གཅིག་དང་སྟོང་དགུ་དགུ་བརྒྱ་ལྷག་ཟིན་ནས་ལོ་ཧྲིལ་པོའི་འཆར་གཞིའི་མི་གྲངས་ཁྲི་གཅིག་དང་སྟོང་དགུ་སུམ་བརྒྱ་ལྷག་གི་བརྒྱ་ཆའི་བརྒྱ་ལྷག་ཡོངས་འགྲུབ་བྱས།

དུས་མཚུངས་སུ་སྤྱི་ཚོགས་འགན་བཅོལ་ཞབས་ཞུ་ཁྱིམ་ཚང་མང་པོར་བསྐྱོད་པ་དང་། ལས་རྨས་འགན་བཅོལ་གྱི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་སོགས་ཀྱི་བྱ་འགུལ་སྤེལ་བ་བརྒྱུད་ནས།  རྒན་གསོ་དང་། ལས་རྨས། ལས་ཤོར་སོགས་ཀྱི་གཟིགས་སྐྱོང་སྲིད་ཇུས་ཡོངས་ཁྱབ་ཏུ་དྲིལ་བསྒྲགས་བྱས་ཏེ། སྤྱི་ཚོགས་འགན་བཅོལ་གྱི་སྲིད་ཇུས་ཁྱིམ་ཚང་ཀུན་གྱིས་ཤེས་ཐུབ་པར་བྱས།  ཁྲིམས་ཁང་དང་། དམངས་སྲིད། འཕྲོད་བསྟེན་བདེ་ཐང་སོགས་སྡེ་ཁག་དང་འབྲེལ་གཏུག་མཐུན་སྦྱོར་བྱེད་ཤུགས་སྔར་ལས་ཇེ་དྲག་ཏུ་བཏང་སྟེ། ཆ་འཕྲིན་གྱི་གཞི་གྲངས་མཉམ་སྤྱོད་ཀྱི་གྲོས་མཐུན་ཡང་བསྐྱར་བཞག་པ་དང་།  ཆ་འཕྲིན་མཉམ་སྤྱོད་ཀྱི་ནང་དོན་དང་། ཕྱོགས་གཉིས་ཀྱི་འགན་འཁྲི། གསང་སྲུང་དོན་དག་བཅས་གསལ་བོར་བཟོས་ཤིང་། སྡེ་ཁག་སོ་སོའི་འབྲེལ་གཏུག་མཐུན་སྦྱོར་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་། ཆ་འཕྲིན་མཉམ་སྤྱོད་ལ་ཤུགས་སྣོན་པ། གཞི་གྲངས་ཆེན་པོའི་བསྡུར་ཚད་ལ་བརྟེན་ནས་སྡེ་ཁག་ལས་བརྒལ་བ་དང་ཉེན་ཆེའི་རིགས་ཀྱི་དོགས་གཞི་ཆེ་བའི་གཞི་གྲངས་འཐེན་བཤེར་བྱ་བ་རྒྱུན་རྣམ་ཅན་དུ་མངོན་འགྱུར་བྱས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།