མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ10པའི་ཚེས16ཉིན་ཨ་ཧོ་ཐན་གྱི་སྐར་བཞིའི་ས་གཤིས་རིག་གནས་གྲོང་ཚོར་སྒོ་བྱང་སྤྲོད་པའི་མཛད་སྒོ་དེ་མཚོ་ཤར་གྲོང་ཁྱེར་བ་ཡན་ཧུའེ་རིགས་རང་སྐྱོང་རྫོང་གི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་སུ་འཚོགས། ཨ་ཧོ་ཐན་ས་གཤིས་རིག་གནས་གྲོང་ཚོ་སྐར་མ་བཞི་རིམ་པའི་ས་གཤིས་རིག་གནས་གྲོང་ཚོར་དངོས་སུ་རིམ་སྤོར་བྱས་པ་དེས་བ་ཡན་རྫོང་གིས་གྲོང་གསེབ་ཀྱི་ཡུལ་སྐོར་ཕྱོགས་སྒྱུར་རིམ་སྤོར་གྱི་ཐབས་ལམ་གསར་པ་འཚོལ་ཞིབ་ཧུར་ཐག་བྱེད་པའི་ཐད་གོམ་སྟབས་བརྟན་པོ་ཞིག་སྤོས་ནས། ས་གཤིས་སྤྱི་གླིང་འཛུགས་སྐྲུན་དང་རིག་གནས་ཡུལ་སྐོར་བྱ་གཞག་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྔར་བས་སྐུལ་འདེད་བཏང་བ་མཚོན་ཡོད།
རྒྱུས་ལོན་བྱུང་བ་ལྟར་ན། 2022ལོར་བ་ཡན་རྫོང་ཀན་ཏུའུ་གྲོང་རྡལ་ཨ་ཧོ་ཐན་ས་གཤིས་རིག་གནས་གྲོང་ཚོར་རྒྱལ་ཡོངས་ཀྱི་སྐར་གསུམ་རིམ་པའི་ས་གཤིས་རིག་གནས་གྲོང་ཚོ་དངོས་སུ་བསྐྲུན་ནས་མཚོ་སྔོན་ཞིང་ཆེན་གྱི་ས་གཤིས་རིག་གནས་གྲོང་ཚོ་དང་པོར་གྱུར། ད་ལོའི་ཟླ9པར་ཀྲུང་གོ་ས་གཤིས་རིག་ཚོགས་ཀྱིས་ས་གཤིས་རིག་གནས་གྲོང་ཚོའི(གྲོང་རྡལ)དཔྱད་གདེང་ཁག་གཉིས་པའི་འབྲས་བུ་ཡོངས་བསྒྲགས་བྱས་པར། བ་ཡན་རྫོང་ཀ་མདོ་གྲོང་རྡལ་ཨ་ཧོ་ཐན་ས་གཤིས་རིག་གནས་གྲོང་ཚོར་དཔྱད་གདེང་བདེ་བླག་བྱུང་བ་དང་འབྲེལ་ཀྲུང་གོ་ས་གཤིས་རིག་ཚོགས་ཀྱིས་སྐར་མ་བཞི་རིམ་པའི་ས་གཤིས་རིག་གནས་གྲོང་ཚོར་རིམ་སྤོར་བྱ་རྒྱུའི་ཆོག་མཆན་དངོས་སུ་སྤྲད་དེ་རྒྱལ་ཡོངས་ཀྱི་སྐར་མ་བཞི་རིམ་པའི་ས་གཤིས་རིག་གནས་གྲོང་ཚོ་ཁོ་ན་ལྔའི་གྲས་ཤིག་ཏུ་གྱུར་ནས་ད་བར་ནུབ་རྒྱུད་ས་ཁུལ་གྱི་སྐར་མ་བཞི་རིམ་པའི་ས་གཤིས་རིག་གནས་གྲོང་ཚོ་འབའ་ཞིག་དེའང་ཡིན།
ཉེ་བའི་ལོ་ཤས་རིང་ཨ་ཧོ་ཐན་གྲོང་ཚོ་དེ་ཉིད་སྔ་རྗེས་སུ་རྒྱལ་ཡོངས་ཀྱི་ས་གཤིས་རིག་གནས་གྲོང་ཚོ་འཛུགས་སྐྲུན་གྱི་དཔེ་མཚོན་གྱོད་དཔེ་ཆེན་པོ་གསུམ་གྱི་གྲས་ཤིག་དང་། རིག་གནས་ཡུལ་སྐོར་པུའི་A3རིམ་པའི་མཛེས་ལྗོངས་ཁུལ། ཞིང་ལས་དང་གྲོང་གསེབ་པུའི“ཀྲུང་གོའི་མཛེས་སྡུག་ལྡན་པའི་སྤྲོ་གསེང་གྲོང་གསེབ”རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི“མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན”གྱི་དཔེ་མཚོན་གྱོད་དཔེ། ཞིང་ཆེན་དེ་ཡོངས་ཀྱི་གྲོང་གསེབ་དར་སྤེལ་དཔེ་སྟོན་ས་ཚིགས་སོགས་ལ་བདམས་པས་བ་ཡན་རྫོང་གི་གྲོང་གསེབ་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་དཔེ་མཚོན་ཞིག་ཏུ་གྱུར་ཡོད།