ཟླ10པའི་ཚེས9ཉིན་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུའུ་མཚོ་སྔོན་ཞིང་ཆེན་ཁྲལ་དོན་ཅུའུ་ཡིས་ཆ་འཕྲིན་ཁྱབ་བསྒྲགས་བྱས་པ་ལྟར་ན། མཚོ་སྔོན་གྱིས་ཁྲལ་བསྡུའི་འགན་ནུས་ཇེ་ཆེར་བཏང་ནས་ཐོན་ལས“ས་ཁུལ་བཞི”སྣེ་ཁྲིད་དུ་བྱས་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་རྒྱུར་སྐུལ་འདེད་གཏོང་བའི་ཐད་ཤུགས་སྣོན་བྱེད་པ་དང་། དམངས་གཉེར་ཁེ་ལས་འཕེལ་རྒྱས་ཀྱི་ཁོར་ཡུག་ཇེ་ལེགས་སུ་གཏོང་བ། ཁེ་ལས་ལ་རོགས་རམ་དང་ཁེ་ལས་ལ་ཕན་པའི་སྲིད་ཇུས་ལག་བསྟར་བྱས་ཏེ་ཡུལ་བབ་དང་བསྟུན་ནས་ས་གནས་དེའི་ཁྱད་ལྡན་དམངས་གཉེར་ཁེ་ལས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་།
ཕྱོགས་གཅིག་ནས་མཚོ་སྔོན་ཁྲལ་དོན་གྱིས་ཁྲལ་མང་མཉམ་བཅོས་དང་ཐབས་མང་སྡེབ་སྒྲིག་གི་ལྗང་མདོག་དཔྱ་ཁྲལ་ལམ་ལུགས་ཀྱི་མ་ལག་ལག་བསྟར་ནན་པོ་བྱས་ཏེ། རིགས་ཆེ་བ4ཡི་ལྗང་མདོག་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་ཁྲལ་གྲོན་གཟིགས་སྐྱོང་སྲིད་ཇུས་ཁག51ཕྱོགས་ཡོངས་ནས་གསེད་བཀྲོལ་ལག་བསྟར་བྱས་པ་དང་། ལྗང་མདོག་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་ཁྲལ་གྲོན་གཟིགས་སྐྱོང་སྲིད་ཇུས་ཁག10གནད་འཁེལ་ལག་བསྟར་བྱས་ནས་ལྗང་མདོག་རྩིས་རྒྱག་ཐོན་ལས་འཕེལ་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་བཏང་། ཉེ་བའི་ལོ3རིང་ཞིང་ཆེན་ཡོངས་ཀྱིས་རིམ་རྩིས་བྱས་ན། གློག་ཤུགས་མཁོ་འདོན་དང་། ཐོན་སྐྱེད། ཆ་འཕྲིན་བརྒྱུད་འདྲེན། ཆ་འཕྲིན་ལག་རྩལ་ཞབས་ཞུའི་ལས་རིགས་བཅས་ཀྱི་ཁྲལ་གྲོན་སྒོར་དུང་ཕྱུར79.28ཆག་ཡང་དང་རྩ་ཆག་བཏང་། དེའི་ནང་གནས་ཐང་འཕར་ཁྲལ་གྱི་ཚབ་ཉར་ཁྲལ་སློག་སྒོར་དུང་ཕྱུར76.44བྱས་པ་དེས་ཆག་ཡང་དང་རྩ་ཆག་བཏང་བའི་སྤྱི་འབོར་གྱི96.4%ཟིན་ནས། ལྗང་མདོག་ཁེ་ལས་ཀྱི་གཅིག་སྡུད་རྣམ་པ་དང་རྣམ་པ་གསར་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་གཉེར་སྐྱོང་གི་གནོན་ཤུགས་ཆུང་དུ་ཕྱིན་ཡོད།
གནས་ཐང་འཕར་ཁྲལ་གྱི་འཛིན་ཤོག་གི་གཞི་གྲངས་ལས་མངོན་པར། 2023ལོར་ཞིང་ཆེན་ཡོངས་ཀྱི་ནུས་རྒྱུ་གཙང་མའི་གློག་གཏོང་ཐོན་ལས་གཉེར་སྐྱོང་གཙོ་གཟུགས་ཀྱིས་སྒྲིག་ཆས་དང་དེ་བཞིན་མ་བཅོས་རྒྱུ་ཆ་སོགས་ཉོ་སྒྲུབ་བྱས་པའི་འཛིན་ཤོག་གི་དངུལ་འབོར་སྒོར་དུང་ཕྱུར1730.67ཟིན་པ་དང་2021ལོ་ནས2023ལོའི་བར་ཆ་སྙོམས26.7%འཕར་ཡོད། ད་ལོའི་ཟླ་དང་པོ་ནས་ལྔ་པའི་བར་འཛིན་ཤོག་ཉོ་སྒྲུབ་ཀྱི་དངུལ་འབོར་ཟླ་རེར་ཆ་སྙོམས་སྒོར་དུང་ཕྱུར་བརྒྱ་ལས་བརྒལ་བའི་ཆུ་ཚད་རྒྱུན་འཁྱོངས་ཐུབ་ཡོད།
ཕྱོགས་གཞན་ཞིག་ནས་ཞིང་ཆེན་ཡོངས་ཀྱི་ཁྲལ་དོན་ལས་ཁུངས་ཀྱིས་སྲིད་ཇུས་ལག་བསྟར་གྱི“ཐབས་མང་མཉམ་སྤྱོད”བྱས་ནས། ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་ནུས་ཤུགས་ཡོད་རྒུས་ལག་བསྟར་བྱས་ཏེ་སྒེར་གྱི་ཁྱད་ཆོས་ལྡན་པ་དང་། གཏན་འཁེལ་བཟོ་བ། སྐུལ་འདེད་གཏོང་བ་བཅས་བྱེད་པ་དང་། “དངུལ་ཁང་དང་དཔྱ་ཁྲལ་མཉམ་འགུལ”གྱི་མ་དངུལ་བསྡུ་སྒྲིལ་རྒྱབ་སྐྱོར་དང་ཁེ་ལས་འབྲིང་ཆུང་ཞིང་ཆེན་ལས་བརྒལ་ནས་སྤོ་སྒྱུར་བྱེད་པའི་ལས་རིམ་ལེགས་སུ་གཏོང་བ། ཁེ་ལས་འབྲིང་ཆུང་ལ་ཞབས་འདེགས་ཞུ་བའི་དུས་ཚིགས་ཀྱི་བྱེད་སྒོ་མུ་མཐུད་སྤེལ་བ། དམངས་གཉེར་ཁེ་ལས་ཀྱི་ཐད་ཀར་འབྲེལ་གཏུག་ས་ཚིགས་འཛུགས་པ། རིགས་མི་འདྲ་བའི་ཁེ་ལས་ལ་རང་སོའི་ཁྱད་ཆོས་ལྡན་པའི་ཞབས་ཞུ་འཚོལ་ཞིབ་བྱེད་པ་བཅས་བྱས་ཡོད། ཆེད་མཁས་ཁྱད་གསར་གྱི་གཙོ་གནད་དམངས་གཉེར་ཁེ་ལས་དང་། སྤྱིར་བཏང་གི་ཁྲལ་ཁུངས་ཁེ་ལས། སྒེར་གཉེར་བཟོ་ཚོང་དུད་ཁྱིམ་བཅས་ལ་རིགས་དབྱེ་ཞབས་ཞུའི་བྱེད་ཐབས་ལག་བསྟར་བྱེད་པ་དང་། ཆེད་མཁས་ཁྱད་གསར་གྱི་ཁེ་ལས་འབྲིང་ཆུང་སྔར་ལས་མང་པོ་ཞིག་“གྱད་མི་ཆུང་”གི་ཁེ་ལས་སུ་འཚར་ལོངས་ཡོང་བར་སྐུལ་འདེད་གཏོང་དགོས།
དམངས་གཉེར་ཁེ་ལས་ཀྱི་གཞི་ཁྱོན་དང་ཁྲལ་བསྡུའི་ཞབས་ཞུའི་དགོས་མཁོར་གཞིགས་ནས་རང་གི་ཁྱད་ཆོས་ལྡན་པའི“འབེན་ལ་གཞིགས་ནས་ཞབས་ཞུ”བཟོས་ཏེ་ཁྲལ་འབྲེལ་གནད་དོན་མགྱོགས་མྱུར་དང་ལེན་དང་ཐག་གཅོད་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་དམངས་གཉེར་ཁེ་ལས་ཀྱི་ཁྲལ་འབྲེལ་འདུན་པ་ཧུར་ཐག་ངང་དང་ལེན་བྱེད་པ། ཁེ་ལས་ཀྱིས་ཕྱི་རྒྱལ་དུ་མ་འཇོག་བྱས་པ་དང་ཐོབ་ཆའི་ཆ་འཕྲིན་རེའུ་མིག་སྙན་ཞུ་ཁུ་བསྡུ་བྱས་ཏེ་གོང་ཞུ་ཐེངས་གྲངས་ཉུང་དུ་བཏང་བ་དང་། ཕྱིར་གཏོང་ཁྲལ་སློག་གི་འགྲོ་ལུགས་གཉེར་བདེ་རུ་བཏང་བ། རྒྱལ་མཚམས་སྒྲོལ་བའི་ཞབས་ཞུའི་བློ་འདྲིའི་ཆེད་སྤྱོད་ལམ་ཐིག་བཙུགས་ནས་ཁེ་ལས་ལ་ཁྲལ་དོན་ཉེན་ཁ་འགོག་རོགས་བྱས་པ་རེད། ལོ་གསུམ་བསྟུད་མར་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་དང་མཉམ་འབྲེལ་ཐོག“དཔྱིད་ཀྱི་ཆར་པས་མྱུ་གུ་གསོ་བའི”ཆེད་དོན་བྱ་སྤྱོད་སྤེལ་ནས“ཁྲལ་ཕན་རོགས་སྐྱོར”དང་། “དཀའ་ངལ་སེལ་ནས་དཀའ་གནད་སེལ་བ”“གཙོ་གནད་སྲུང་སྐྱོང་བྱས་ནས་སྐུལ་འདེད་གཏོང་བ”བཅས་རིགས་ཆེན་པོ་གསུམ་གྱི་བྱ་སྤྱོད་བྱེད་ཐབས་ཁག12སྔ་རྗེས་སུ་བཏོན་ནས། གཉེར་སྐྱོང་གཙོ་གཟུགས་ཀྱི་དཀའ་ངལ་སེལ་རྒྱུར་མཉམ་སྒུལ་ཞབས་འདེགས་ཧུར་ཐག་ཞུས་ཏེ་མཚོ་སྔོན་གྱི་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་སྟོབས་ཆེར་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད།