མཚོ་སྔོན་གྱིས་དབང་པོ་སྐྱོན་ཅན་གྱི་ཞབས་ཞུའི“བྱ་བ་གཅིག”ལེགས་པར་བསྒྲུབས་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། གཡང་སྐྱིད།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན།    “མཚོ་སྔོན་གྱི་དབང་པོ་སྐྱོན་ཅན་ལ་ཞབས་ཞུའི‘བྱ་བ་གཅིག’འཕྲིན་སྟེགས་ཤར་གཏོང་བྱས་རྗེས། དབང་པོ་སྐྱོན་ཅན་རྣམས་ལ་གཏམ་བཟང་ཞིག་འཁྱེར་ཡོང་ཡོད་ཅིང་།    འབྲེལ་ཡོད་ལས་སྒོ་གཉེར་སྐབས་ཕན་འབྲས་སྔར་ལས་ཆེ་ཞིང་སྟབས་བདེ་རུ་ཕྱིན་ཡོད”ཅེས་ཟླ9པའི་ཚེས30ཉིན་ཟི་ལིང་གི་གྲོང་མི་སྐུ་ཞབས་ཀྲང་ལགས་ཟི་ལིང་གྲོང་ཁྱེར་མཁར་ནུབ་ཤིས་ཀོན་ཁྲོམ་གཞུང་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་སུ་ཡོང་ནས་དབང་པོ་སྐྱོན་ཅན་གྱི་ལག་ཁྱེར་སྒྲུབ་པ་རེད། མཁར་ནུབ་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་བྱེད་པ་ལུའི་ཀུའེ་ཤིན་གྱིས་ངང་རྒྱུད་རིང་པོའི་ངང་སྐུ་ཞབས་ཀྲང་ལགས་ལ་ལས་སྒོ་གཉེར་བ་མ་ཟད། ད་དུང་དོགས་གནད་ལ་ལན་བསྐྱོན་པས་སྐུ་ཞབས་ཀྲང་ལགས་ཀྱི་གདེང་འཇོག་བཟང་པོ་ཐོབ།     

སྲིད་དོན་ཞབས་ཞུ་སྔར་བས་ཇེ་ལེགས་སུ་གཏོང་བ་དང་སྲིད་འཛིན་གྱི་ཕན་ནུས་ཇེ་ཆེར་གཏང་ཆེད།    མཚོ་སྔོན་ཞིང་ཆེན་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་དབང་པོ་སྐྱོན་ཅན་ལ་ཞབས་ཞུའི“བྱ་བ་གཅིག”ལག་བསྟར་བྱས་ནས་ཕན་འབྲས་ཐོན་པར་སྐུལ་འདེད་ཧུར་ཐག་བཏང་བ་དང་།    འབྲེལ་ཡོད་ལས་ཁུངས་དང་མཉམ་དུ《མཚོ་སྔོན་ཞིང་ཆེན་གྱི་དབང་པོ་སྐྱོན་ཅན་ཞབས་ཞུའི“བྱ་བ་གཅིག”གི་ལག་བསྟར་ཇུས་གཞི》པར་འགྲེམས་བྱས་པའི་ནང་དབང་པོ་སྐྱོན་ཅན་གྱི་ལག་ཁྱེར་གཉེར་བ་དང་།    དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་གྱི་འཚོ་བའི་ཁ་གསབ།    ཚབས་ཆེའི་དབང་པོ་སྐྱོན་ཅན་གྱི་ནད་གཡོག་ཁ་གསབ།    གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་རྒན་གསོ་འགན་སྲུང་ཁ་གསབ།    དབང་པོ་སྐྱོན་ཅན་གྱི་ལས་ཞུགས་རོགས་སྐྱོར་སོགས་ཞབས་ཞུའི་ནང་དོན12ཚུད་ཡོད།     ཟི་ལིང་གྲོང་ཁྱེར་མཁར་ནུབ་ཆུས་ཚོད་ལྟ་བྱ་ཡུལ་དུ་བྱས་ནས་ཟླ7པའི་ཚེས31ཉིན་མཚོ་སྔོན་ཞིང་ཆེན་གྱི་སྲིད་དོན་ཞབས་ཞུའི་དྲ་བའི་ཐོག་དབང་པོ་སྐྱོན་ཅན་གྱི་ཞབས་ཞུའི“བྱ་བ་གཅིག”གི་ནུས་པ་ཚོད་ལྟ་བྱས།     དེ་དང་ཆབས་ཅིག་ཚོད་ལྟའི་འཁོར་སྐྱོད་ཁྲོད་ཐོན་པའི་གནད་དོན་ཞིབ་འཇུག་ཐོག་ཐག་གཅོད་བྱས།     ད་སྔའི་བར།    མཚོ་སྔོན་གྱིས་དབང་པོ་སྐྱོན་ཅན་གྱི་ཞབས་ཞུའི“བྱ་བ་གཅིག”ལེགས་པོར་སྒྲུབ་ཐུབ་ཡོད་པ་དང།    དྲ་ཕྱི་རུ“སྒོ་གཅིག་ལས་སྒྲུབ་པ”དང་།    དྲ་ཐོག་ཏུ“དྲ་གཅིག་ལས་སྒྲུབ”ནས་    དྲ་ཐོག་དང་ཡུལ་དངོས་གཉིས་ཀྱི་བྱེད་ཐབས་ཁག་ལག་བསྟར་བྱས་ནས་ཕན་འབྲས་ཐོན་ཡོད།   

སྔོན་ཆད་དང་བསྡུར་ན་མཚོ་སྔོན་ཞིང་ཆེན་གྱིས་དབང་པོ་སྐྱོན་ཅན་ལ་ཞབས་འདེགས་ཞུ་བའི“བྱ་བ་གཅིག”སྒྲུབ་པའི་དུས་ཚོད་ཇེ་ཐུང་དུ་བཏང་ཡོད་དེ།    ཆ་སྙོམས་ལས་ཞག35ནས་ལས་ཞག20ལས་མི་བརྒལ་བའི་བར་ཇེ་ཉུང་དུ་བཏང་བ་དང་།     སྒྲུབ་གཉེར་དཔྱད་གཞི་ཁག18ནས་ཁག5བར་ཇེ་ཉུང་དུ་བཏང་བ།     རེའུ་མིག་དང་ཡིག་དུམ་འབྲི་རྒྱུའང་མངོན་གསལ་ཇེ་ཉུང་དུ་གྱུར་ལ། གྲོས་གཞི་སྒྲུབ་པའི་རིམ་པ་ཡང་་སྔར་བས་སྟབས་བདེ་རུ་ཕྱིན་ཡོད།     དབང་པོ་སྐྱོན་ཅན་ཐེངས་མང་རྒྱུག་པ་དང་།    མི་མང་པོ་འཚོལ་བ།    རེའུ་མིག་མང་པོ་འབྲི་བ་བཅས་དང་དེ་བཞིན་ཞིབ་མཆན་འགོད་པའི་རྒྱུ་ཆ་མང་བ་དང་།    རིམ་པ་མང་བ།    དུས་ཚོད་རིང་བ་སོགས་ཀྱི་གནད་དོན་ཐག་གཅོད་ཏན་ཏིག་བྱས་པས་དབང་པོ་སྐྱོན་ཅན་གྱིས་ལས་དོན་སྒྲུབ་བདེ་བོར་གྱུར་ནས་མྱོང་རོལ་གྱི་ཚད་དང་བློ་ཡིད་ཚིམ་ཚད་བཅས་ཇེ་ཆེར་ཕྱིན་ཡོད།  

ཞིང་ཆེན་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་འབྲེལ་ཡོད་འགན་འཁུར་བས་མཚོ་སྔོན་ཞིང་ཆེན་གྱིས་ཕྱོགས་ཡོངས་ནས་དབང་པོ་སྐྱོན་ཅན་གྱི་ཞབས་ཞུའི“བྱ་བ་གཅིག”ནུས་ཆེའི་ངང་བསྒྲུབས་པ་དེ་ཐོག་ནས་ཏང་ཨུ་དང་སྲིད་གཞུང་གིས་དབང་པོ་སྐྱོན་ཅན་ཚོགས་སྤྱིར་ཐུགས་ཁུར་གནང་ལུགས་མཚོན་པ་མ་ཟད།    སྲིད་དོན་ཞབས་ཞུ་བཅོས་སྒྱུར་བྱས་ཚད་ཀྱང་མཚོན་ཡོད་ཅེས་བཤད།     ཞིང་ཆེན་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་ལས་ཁུངས་ཀྱི་མཉམ་འགུལ་མཐུན་སྦྱོར་ལ་མུ་མཐུད་དུ་ཤུགས་བསྣན་ཏེ།    དབང་པོ་སྐྱོན་ཅན་གྱི་ཞབས་ཞུའི་མ་ལག་ཟམ་མི་ཆད་པར་འཐུས་ཚང་དང་།    སྲིད་དོན་ཞབས་ཞུའི་བརྒྱུད་རིམ་ཇེ་ལེགས།    ཞབས་ཞུའི་ནུས་པ་ཆེར་བསྐྱེར་་བཅས་བྱས་ནས་དབང་པོ་སྐྱོན་ཅན་རྣམས་ལ་དེ་བས་སྤུས་ལེགས་ཤིང་ཕན་ནུས་ཆེ་བའི་ཞབས་ཞུ་མཁོ་འདོན་བྱ་རྒྱུ་རེད།    

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།