མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། “མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་གིས་དུས་འགོའི་ཁོར་ཡུག་ཇེ་ལེགས་སུ་གཏོང་བའི་གདེང་འཇོག་ལས་དོན་དང་ཞབས་ཞུ་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་གཏོང་བའི་བྱེད་ཐབས་འགའ་བཏོན་པའི་རྨང་གཞིའི་ཐོག《ལས་གཞི་གཙོ་བོའི་ཁོར་ཡུག་གདེང་འཇོག་ཞབས་ཞུ་འགན་ལེན་བྱ་བར་སྔར་བས་ཤུགས་སྣོན་བྱ་བའི་སྐོར་གྱི་བརྡ་ཐོ》པར་འགྲེམས་བྱས་ནས་བྱེད་ཐབས་གཙོ་བོ13བཏོན་པ་སྟེ། ལས་གཞི་གཙོ་བོའི་ཁོར་ཡུག་དཔྱད་དཔོག་དང་ཞིབ་མཆན་འགོད་པའི་ཞབས་ཞུ་སྔར་བས་ཇེ་ལེགས་སུ་བཏང་ནས་ལས་གཞི་གཙོ་བོ་ལག་བསྟར་གྱི་བརྒྱུད་རིམ་ཧྲིལ་པོར་འགན་སྲུང་བྱས། ”ཞེས་ཟླ9པའི་ཚེས30ཉིན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་ཁོར་ཡུག་ཤུགས་རྐྱེན་གདེང་འཇོག་དང་བཙོག་འབུད་ཆོག་འཐུས་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་མཱ་ཆིང་གིས་ངོ་སྤྲོད་བྱས།
རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་གིས་ལས་གཞི་གཙོ་བོའི་ཁོར་ཡུག་གདེང་འཇོག་ཞབས་ཞུ་འགན་སྲུང་ལ་སྔར་བས་ཤུགས་སྣོན་པའི་བྱེད་ཐབས་ཁག13ནང་ལས་གཞིའི་ཁོར་ཡུག་གདེང་འཇོག་འགོ་ཚུགས་པ་དང་། སྒྲིག་བཟོ། ཞིབ་མཆན་འགོད་པ་བཅས་ནས་ལག་བསྟར་བྱེད་པའི་བར་དུས་མཚམས4ཚུད་ཡོད། སྔ་མོ་ནས་ལས་གཞིའི་དུས་འགོའི་ལས་དོན་ནང་ཞུགས་ཏེ། ཁོར་ཡུག་གི་ཤུགས་རྐྱེན་ལ་ཞིབ་དཔྱད་མཆན་འགོད་བྱེད་པའི་ཞབས་ཞུའི་རྩིས་ཁྲ་བཟོས་ནས། ལས་གཞི་གཙོ་བོའི་ཁོར་ཡུག་གི་ཤུགས་རྐྱེན་ལ་གདེང་འཇོག་བྱ་བའི་རྩིས་ཐོའི་རྣམ་པའི་དོ་དམ་དང་རྩིས་ཐོའི་རྣམ་པའི་ཐོག་ནས་སྐུལ་འདེད་བཏང་བ་དང་། སྔ་མོ་ནས་ལས་གཞིར་དབྱེ་ཞིབ་དང་སྐྱེ་ཁམས་ཁོར་ཡུག་གི་ས་མཚམས་དབྱེ་ནས་དོ་དམ་ཚོད་འཛིན་གྱི་བླང་བྱ་དང་འཚམ་པར་ཁྲིད་སྟོན་དང་། ས་ཆ་འདེམས་པ་དང་། ལམ་ཐིག་འདེམས་པ། གཞི་ཁྱོན་དང་ཐོན་སྐྱེད་བཟོ་རྩལ་བཅས་ལེགས་བསྒྱུར་བྱས་ཏེ། ཁོར་ཡུག་གི་ཤུགས་རྐྱེན་གདེང་འཇོག་ཐད་ལ་མཛུབ་ཁྲིད་བྱས། ཁོར་ཡུག་གདེང་འཇོག་སྙན་ཞུ་བཟོ་བར་རྗེས་སྙེགས་མཛུབ་ཁྲིད་དང་། རྡོ་སོལ་གཏེར་ཁུལ་དང་། ཆུ་བེད། ཐོན་ལས་གླིང་ཁུལ་བཅས་ཀྱི་འཆར་འགོད་ནང་གི་འཛུགས་སྐྲུན་ལས་གཞིའི་ཁོར་ཡུག་གདེང་འཇོག་ཡིག་ཆའི་ནང་དོན་སྟབས་བདེ་རུ་བཏང་སྟེ། ཁོར་ཡུག་གདེང་འཇོག་སྒྲིག་བཟོའི་སྲིད་ཇུས་ཚད་ལྡན་གསལ་འགྲེལ་དང་དཔྱད་ཡིག་མཁོ་འདོན་སོགས་ཀྱི་འགན་ལེན་ལས་དོན་ཡག་པོ་སྒྲུབ་པ་དང་། དཀའ་ངལ་ཡོད་པའི་གནད་དོན་མཐུན་སྦྱོར་ཧུར་ཐག་བྱས་ནས་ཐག་གཅོད་བྱས་ནས་ ཁོར་ཡུག་གདེང་འཇོག་སྙན་ཞུ་མགྱོགས་མྱུར་བཟོ་བར་རྒྱབ་སྐྱོར་བྱ་དགོས།
ཁོར་ཡུག་གདེང་འཇོག་དང་བཙོག་འབུད་ཆོག་འཐུས་ཀྱི“ཞིབ་མཆན་གཅིག་སྒྲིལ”གྱི་སྒྱུར་བཅོས་ལ་སྐུལ་འདེད་དང་། ཁོར་ཡུག་གདེང་འཇོག་དང་ཆད་ལུས་བདག་སྤྲོད་བྱ་བ་ཁྱབ་གདལ། ཁོར་ཡུག་གདེང་འཇོག་གི་ལག་རྩལ་དཔྱད་དཔོག་དང་ཞིབ་བཤེར་གོམ་སྟབས་གཅིག་མཚུངས་ཡོང་བ། ཁོར་ཡུག་གདེང་འཇོག་དང་ཞིབ་མཆན་འགོད་པའི་ལས་ཕྱོད་ཆེ་རུ་གཏོང་བ་བཅས་བྱས་ནས་དུས་བཀག་ལྟར་ལས་གཞིའི་ལས་འགོ་འཛུགས་པར་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན། ཁོར་ཡུག་གདེང་འཇོག་གི་བླང་བྱ་ལག་བསྟར་བྱ་བར་མཛུབ་ཁྲིད་དང་རོགས་སྐྱོར། ཁོར་ཡུག་གདེང་འཇོག་གི་མཆན་འགོད་བཀའ་ལན་ཐོབ་རྗེས་ལས་གཞིའི་འཕེལ་རིམ་ལ་མུ་མཐུད་སྐུལ་འདེད། དུས་བཀག་ནང་ལས་གཞི་གཙོ་བོའི་ཁོར་ཡུག་དོ་དམ་གནས་ཚུལ་ལ་བརྟག་དཔྱད་བྱས་ནས་དངོས་ཡོད་དཀའ་ངལ་ཐག་གཅོད། འཛུགས་སྐྲུན་ཚན་པས་ཁོར་ཡུག་སྲུང་སྐྱོང་གི“དུས་མཚུངས་གསུམ”ལག་བསྟར་ཡག་པོ་བྱ་བར་མཛུབ་ཁྲིད་བཅས་བྱས་ནས་ལས་གཞི་ཁྲིམས་མཐུན་དང་སྐྱོན་བྲལ་ལུགས་མཐུན་ངང་འཁོར་སྐྱོད་ཐུབ་པར་འགན་སྲུང་བྱ་རྒྱུ་རེད།