མཚོ་སྔོན་པོ་སྨོན་ལམ་མཐོན་པོའི་ཡུལ་སྐོར་ཐོན་ཁུངས་སྔར་བས་དྲིལ་སྒྲོག་དང་འོས་སྦྱོར་བྱས་ནས་མཚོ་བྱང་གིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་དཔེ་སྟོན་ཁུལ་གཏོད་ཆེད། ཟླ10པའི་ཚེས3ཉིན་གྱི་ཞོགས་པར། མཚོ་བྱང་ཁུལ་གྱིས་སྨོན་ལམ་མཐོན་པོའི་རི་རྩེར“ཉི་ཤར་ལ་བལྟ་བཞིན་གསར་བརྗེ་གླུ་དབྱངས་བླངས་ནས་འཁྲུངས་སྐར་ལ་རྟེན་འབྲེལ་ཞུ་བའི”བྱ་འགུལ་སྤེལ་ཏེ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ75འཁོར་བར་རྟེན་འབྲེལ་ཞུས།
སྨུག་སྤྲིན་ལང་ལོང་འཐིབ་པའི་མཐོན་པོ་རི། རླབས་ཕྲེང་དགུང་དུ་འཕྱོ་བའི་མཚོ་སྔོན་པོ། ཆུ་ཚོད7པ་ཡོལ་ཙམ་ལ་གནམ་མཐའི་མཚམས་སུ་སྐྱ་རེངས་ཀྱི་ཡོལ་བ་ཕྱེས་ནས་ཉི་འོད་ལམ་ལམ་འཚེར། དེའི་རྗེས་སུ་ཉི་མ་དལ་བུར་མཁའ་ལ་འཕགས་ནས་ཉི་འོད་རིམ་གྱིས་ས་གཞིར་འཕྲོས། གསེར་མདོག་གི་ཉི་འོད་མཚོ་མོའི་ངོས་དང་རི་སྐེད་ལ་ཟིམ་པའི་སྨུག་སྤྲིན་གྱི་ཀློང་དུ་འཕྲོས་པ་ན་སྤྲིན་གྱི་རྒྱ་མཚོ་ལྟ་བའི་མཐོང་སྣང་མཐའ་དག་ནི་རྨི་ལམ་མིན་ནམ་སྙམ་པའི་མཛེས་པ་ཞིག་ངང་གིས་ཚོར་ཞིང་། གནམ་སའི་མཚམས་སུ་ཀྲོང་ངེར་འགྱིང་པའི་སྨོན་ལམ་མཐོན་པོའི་གཟི་དཔལ་ལྷག་པར་མཛེས། དེ་ནི་ཚོན་མདངས་རྣམ་པར་བཀྲ་བའི་སྣུམ་ཚོན་རི་མོ་ཞིག་དང་འདྲ་བར་བརྗོད་ཀྱིས་མི་ལང་བའི་མཛེས་སྡུག་གི་ལང་ཚོ་རུམ་ནས་མིག་དབང་ལྟ་ཅི་མི་སེམས་ཡང་འགོག་མེད་འཕྲོག་པར་བྱེད། མི་ཚང་མས་པར་ཆས་དང་ལག་ཁྱེར་ཁ་པར་བཟུང་ནས་མཛེས་ལྗོངས་པར་ལ་ལེན་ཞོར་དགའ་འབོད་དང་བསྟོད་བསྔགས་སོགས་ཀྱི་འབོད་སྒྲས་གང་སར་ཁྱབ་པར་གྱུར།
ཆུ་ཚོད8ཏག་ཏག་སྟེང་། མི་དམངས་ཉེན་རྟོག་པ་བཅུ་ལྷག་སྨོན་ལམ་མཐོན་པོའི་ལྗོངས་གཟིགས་སྟེགས་བུའི་སྟེང་གྲལ་བསྒྲིགས་ནས་ལག་ཏུ་སྐར་ལྔའི་དར་དམར་བཟུང་ནས་དཔའ་ཉམས་ངོམ། བྱ་འགུལ་ཁྲོད་ཞུགས་མཁན་གྱི་ཁུལ་ཨུའི་སྡེ་ཁག་སོ་སོ་དང་ཁུལ་ཐད་གཏོགས་ལས་ཁུངས། མང་ཚོགས་ཚོགས་པ། རིག་གནས་ཡུལ་སྐོར་སྡེ་ཁག ཁུལ་སྤྱི་བདེ་ཅུས་སོགས་ཀྱི་ལས་བྱེད་ལས་བཟོ་པ100ལྷག་གིས་ལྗོངས་གཟིགས་སྟེགས་བུའི་ཐོག་རླུང་གཡབ་ཀྱི་དབྱིབས་ལྟར་བསྒྲིགས་ཏེ་ལག་ཏུ་དར་དམར་ཆུང་ཆུང་རེ་བཟུང་ནས་སྙིང་སྟོབས་རབ་ཏུ་འཕེལ་བར་བྱས།
“སྐར་ལྔའི་དར་དམར་རླུང་གིས་བསྐྱོད། རྒྱལ་ཁའི་གླུ་སྐད་ཧ་ཅང་སྙན། ང་ཚོས་བརྩེ་སེམས་ཀྱིས་ཕྱུག་པའི་མེས་རྒྱལ་ལ་བསྟོད་གླུ་འབུལ། ད་ནས་བཟུང་སྟོབས་འབྱོར་མངའ་ཐང་རྒྱས་པའི་ཕྱོགས་སུ་སྐྱོད། རི་བོ་མཐོན་པོ་དང་ཐང་གཤོངས་བརྒལ་ནས་འགྲོ”ཞེས་པའི་རོལ་དབྱངས་གྲགས་པ་དང་ཆབས་ཅིག་མགྲིན་གཅིག་ཏུ་ཀྲུང་གོ་བ་ཚང་མའི་རྣ་བར་འཇགས་པའི་གླུ་གཞས《མེས་རྒྱལ་ལ་བསྟོད་གླུ་འབུལ》ཞེས་པ་དེ་བླངས་ནས་དགའ་སྤྲོ་རབ་ཏུ་འཁོལ་བའི་རོལ་དབྱངས་ཀྱི་འགྱུར་ཁུག་སྨོན་ལམ་མཐོན་པོར་ཡོངས་སུ་གྲགས།
དེའི་རྗེས་སུ《གསེར་བུམ་དང་འདྲ་བའི་རི་བོ་ཆུང་ཆུང》ཞེས་པའི་གླུ་གཞས་དེ་སྣེ་ཁྲིད་པའི་ཁྲིད་སྟོན་འོག་ཚང་མས་སླར་ཡང་མཉམ་ལེན་བྱས། མཚོ་སྔོན་པོ་དང་སྨོན་ལམ་མཐོན་པོ། གསེར་དངུལ་ཐང་བཅས་སུ་མཚོ་བྱང་གི་མཛེས་སྡུག་ལྡན་པའི་རང་བྱུང་མཛེས་ལྗོངས་མངོན་པ་དང་གླུ་གཞས་འདིས་ལྟ་ན་སྡུག་པའི་མཛེས་ལྗོངས་མཚོན་པ་དང་དུས་མཚུངས་སུ་མཚོ་བྱང་གི་འབྲོག་པ་མང་ཚོགས་ཀྱིས་གླུ་ལེན་གར་རྩེད་དང་འཚོ་བ་གསར་པར་དགའ་སྤྲོའི་ངང་རྟེན་འབྲེལ་ཞུ་བའི་རྣམ་པའང་མཚོན་ཡོད།
“ང་སྨོན་ལམ་མཐོན་པོར་ཐེངས་དང་པོར་འགོས་པ་ཡིན། སེམས་འགུལ་ཆེན་པོ་ཐེབས་བྱུང་། སྨོན་ལམ་མཐོན་པོའི་རི་རྩེར་ལངས་ནས་བྱང་དུ་བལྟས་ན་གསེར་དངུལ་ཐང་གི་རྡུལ་ཕྲན་མཁར་སྤྲིན་པས་བཀླུབས་ནས་ལྷ་ཡུལ་དང་འདྲ་ལ། ལྷོ་ཕྱོགས་སུ་བལྟས་ན་མཚོ་སྔོན་པོ་སྔོ་ལམ་མེར་འཁྱིལ་འདུག་པས་གཡུ་ཡི་མནྡལ་ཞིག་དང་གཉིས་སུ་མ་མཆིས། ཡུལ་ལྗོངས་ཧ་ཅང་མཛེས་པོ་འདུག”ཅེས་ཟི་ལིང་ནས་ཡོང་བའི་ཡུལ་སྐོར་བ་ཀྲང་ཞའོ་ཡིས་སེམས་འགུལ་ཚད་མེད་ཐེབས་བཞིན་དུ་བསྔགས་བརྗོད་བྱས།
དར་དམར་ལྷབ་ལྷུབ་ཏུ་གཡོ་ཞོར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ75འཁོར་བར་རྟེན་འབྲེལ་ཞུས། གླུ་སྐད་ལྷང་ལྷང་དུ་གྲགས་ཞོར་མེས་རྒྱལ་དར་རྒྱས་གོང་འཕེལ་ཡོང་བའི་སྨོན་འདུན་ཞུས། མེས་རྒྱལ་ལ་བསྟོད་གླུ་ལེན། འབད་འབུངས་ཡར་བརྩོན་བྱེད། ང་ཚོས་ལོ་རྒྱུས་དང་མ་འོངས་པའི་རེ་བ་སྟོང་ཟད་དུ་མི་གཏོང་བར“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་དར་སྤེལ་གཏོང་། གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་བྱེད། མཚོ་བྱང་ཁུལ་གྱི་དགུན་དུས་རིག་གནས་ཡུལ་སྐོར་འཛད་སྤྱོད་ཁྲོམ་རའི་གསོན་ཤུགས་སྔར་བས་འཕེལ་རྒྱས་བཏང་ནས། མཚོ་བྱང་གིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་དཔེ་སྟོན་ཁུལ་བསྐྲུན་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད། །