དགའ་བདེ་རྫོང་གོང་སྨད་ཞང་ལུང་སྔོན་སྡེ་བའི་སྡེ་སྡོད་བྱ་བའི་རུ་ཁག་གིས་དྲོད་སྐྱེལ་ཞལ་འདེབས་བྱ་འགུལ་སྤེལ་བ།

ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།

སྡེ་སྡོད་བྱ་བ་སྤེལ་བའི་ཚུན་ལ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་གོང་སྨད་ཞང་ལུང་སྔོན་སྡེ་བའི་སྡེ་སྡོད་ལས་བྱེད་པས་གྲོང་གསེབ་དར་སྤེལ་གྱི་གཙོ་གནད་བྱ་བའི་འོས་འགན་ལ་དམིགས་ཏེ། ཕྱོགས་ཡོངས་ནས་བྱ་བའི་འགན་འཁྲི་ནན་འཛིན་དང་། “བཞི་ལྡན”བྱ་འགུལ་སྤུས་མཐོ་ཕྱོད་མཐོས་སྐུལ་འདེད་དང་། དམངས་ཀྱི་གནས་ཚུལ་བརྟག་ནས་བྱ་བ་འཐུས་ཚང་སྒྲུབ་པ་དང་། དམངས་ཕན་གྱི་བྱ་བ་དངོས་སྒྲུབ། དམངས་སེམས་དྲོ་བའི་བྱ་བ་ཞིབ་སྒྲུབ། དམངས་ཀྱི་དཀའ་བའི་བྱ་བ་ལེགས་སྒྲུབ་བཅས་བྱས་པ་དང་། སྡེ་སྡོད་རོགས་སྐྱོར་བྱ་བ་དོན་འཁྱོལ་བྱས་ནས་མུ་མཐུད་ནས་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་ཇེ་དྲག་ལ་བཏང་།

གསེར་མདོག་གི་ཟླ་བ་བཅུ་པར་རྒྱལ་སྟོན་དུས་ཆེན་སྤྲོ་བས་བསུ། རྒྱལ་སྟོན་དུས་ཆེན་སླེབས་ལ་ཉེ་བའི་སྐབས་སུ། སྡེ་སྡོད་ལས་བྱེད་མི་སྣས་ཧུར་ཐག་གིས་འབྲེལ་གཏུག་སྡེ་བའི་བྱིས་སྙོར་ཁང་ལ་སྦྲེལ་མཐུད་བྱས་ཏེ། དགུན་ཁ་སླེབས་ནས་དྲོད་ཚད་མར་ཆག་པ་ན་བྱིས་སྙོར་ཁང་གི་བྱིས་པ་ཚོར་དགུན་སྐྱེལ་ལྭ་བ་དཀོན་པར་གཞིགས་ནས། ཆེས་དཀའ་ངལ་ཆེ་བའི་མང་ཚོགས་ནས་རོགས་རམ་བྱེད་པ་དང་། ཆེས་འབུར་ཐོན་གྱི་གནད་དོན་ནན་འཛིན་བྱེད་པ། ཆེས་དངོས་ཡོད་ཀྱི་ཁེ་ཕན་ནས་འགོ་རྩོམ་པ་བཅས་རྩ་བར་བཟུང་སྟེ། སྡེ་སྡོད་རུ་མིའི་ཧྲུའུ་ཅི་དང་པོས་རང་གི་སྒོར་མོ་བཏང་ནས་བྱིས་པ་ཚོར་ལྭ་བ་སོགས་དངོས་པོ་ཉོས་པ་དང་། དགུན་འཁྱགས་མ་ཐོན་པའི་སྔོན་ལ། བྱིས་པ་ཚོས་ལྭ་བ་མཐུག་པོ་བླངས་ནས་དྲོད་ཀྱིས་དགུན་སྐྱེལ་བར་ཁག་ཐེག་བྱས་ལ། ཁོ་ཚོར་སེམས་འདུན་དྲོན་མོ་བསྐྱལ་བ་རེད།

འཚམས་འདྲིའི་བྱ་འགུལ་ཁྲོད། དཀའ་ཚེགས་མྱོང་བཞིན་པའི་དགེ་རྒན་ལ་ལྷད་མེད་ཀྱི་ཁ་བཏགས་ཕུལ་ནས་ལྷག་བསམ་རྣམ་དག་གིས་འཚམས་འདྲི་ཞུས། བྱིས་སྙོར་ཁང་གི་བྱིས་པ90ལྷག་ལ་དམངས་སྒོར2800ལྷག་གི་འབྲེལ་ཡོད་དངོས་པོ་བྱིན། བྱིས་སྙོར་ཁང་གི་བྱིས་པ་ཚོས་ལྭ་བ་དང་ལྷམ། རྐང་སྣམ་སོགས་བརྗེས། དུས་མཚུངས་སུ། བྱིས་སྙོར་ཁང་གི་བྱིས་པ་རྣམས་ཀྱི་མི་སྒེར་གྱི་ལུས་སེམས་བདེ་ཐང་དང་འཚོ་བ་དང་སློབ་སྦྱོང་སོགས་ཀྱི་ཐད་ལ་ཁྱོན་ཡོངས་ནས་རྒྱུས་ལོན་དང་། བྱིས་པ་ཚོས་སློབ་སྦྱོང་ལ་འབད་བརྩོན། དགེ་རྒན་ལ་བརྩི་བཀུར། ཕ་མ་ལ་སྲི་ཞུ། སེམས་ནས་བཀའ་དྲིན་དྲན་དགོས་པ་སོགས་ཀྱི་སྐུལ་མ་དང་། སློབ་སྦྱོང་ལ་ཧུར་བརྩོན་བྱས་ནས་བདེ་ཐང་གིས་འཚར་ལོངས་བྱུང་སྟེ་རྒྱལ་ཁབ་དང་སྤྱི་ཚོགས་ལ་ཕན་པ་ཡོད་པའི་མི་ཞིག་བྱེད་དགོས་པའི་སྐུལ་ལྕག་གནང་།

ཞང་ཏང་ཨུའི་ཧྲུའུ་ཅི་ངག་དབང་གིས་བསྟན་དོན། སྡེ་སྡོད་བྱ་བའི་རུ་ཁག་གིས་དངོས་ཡོད་བྱ་སྤྱོད་ལ་བརྟེན་ནས་བྱིས་པ་རྣམས་ལ་ཐུགས་ཁུར་དང་བརྩེ་བ་སྦྱིན་པ་གསལ་འགྲེལ་བྱས་པ་དང་། བྱིས་པ་རྣམས་ཀྱི་འཚར་ལོངས་དང་འཕེལ་རྒྱས་ལ་སྟོབས་ཤུགས་ཕུལ་བ་དང་། དཀའ་ཁག་ཡོད་པའི་ཁྱིམ་ཚང་ལ་ཏང་དང་མི་དམངས་ཀྱི་ཐུགས་ཁུར་དང་དོ་ཁུར་ཚོར་དུ་བཅུག་པས་དོན་སྙིང་ཧ་ཅང་ཆེ། ཞལ་འདེབས་ཐེངས་གཅིག་གི་སྟོབས་ཤུགས་ཆུང་ཡང་། བརྩེ་བ་དང་དྲོད་ཁོལ་གྱི་ལྷག་བསམ་མཚོན། ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་ཚང་ཆེན་མོའི་ཁྲོད་ཕན་ཚུན་ལ་རོགས་རེས་དང་མི་རིགས་མཐུན་སྒྲིལ་གསོན་ཉམས་ལྡན་པའི་ངང་མཚོན་ཡོད་ལ། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་སྔར་ལས་སྲ་བརྟན་གཏོང་བའི་བྱེད་ཐབས་ནུས་ལྡན་ཡིན།

རྗེས་མར། སྡེ་སྡོད་བྱ་བའི་རུ་ཁག་གིས་སློབ་གྲྭའི་བྱིས་པ་རྣམས་ཀྱི་འཚར་ལོངས་དང་སློབ་སྦྱོང་གནས་ཚུལ་ལ་མུ་མཐུད་དུ་དོ་ཁུར་དང་། བྱིས་པ་རྣམས་བདེ་སྐྱིད་ཀྱི་ཁྲོད་ནས་འཚར་ལོངས་འབྱུང་བ་དང་། འཚར་ལོངས་ཀྱི་ཁྲོད་བདེ་སྐྱིད་ལྡན་པ། བརྩེ་བའི་ཁྲོད་ནར་སོན་དགོས། མ་འོངས་པར། ལུང་སྔོན་སྡེ་བའི་སྡེ་སྡོད་བྱ་བའི་རུ་ཁག་གིས་བློ་གཅིག་སེམས་གཅིག་གིས་དམངས་ཀྱི་ཆེད་དུ་བྱ་བ་སྒྲུབ་ནས་ཞབས་ཞུ་བྱེད་པ་རྒྱུན་འཁྱོངས་དང་། སྡེ་དམངས་ཀྱི་ཐོབ་སྣང་དང་སྐྱིད་སྣང་མུ་མཐུད་ནས་ཇེ་དྲག་ལ་གཏོང་རྒྱུ་རེད། །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།