མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་ལམ་ཞིང་ཆེན་ཚན་རྩལ་ཐིང་གིས་སྒྲིག་འཛུགས་ཐོག་མཚོ་སྔོན་ཞིང་ཆེན་འགོས་ནད་རང་བཞིན་གྱི་ནད་ཐོག་སྨན་བཅོས་ཞིབ་འཇུག་ལྟེ་གནས་འཛུགས་སྐྲུན་བྱ་བའི་སྐུལ་སློང་ཚོགས་འདུ་བསྡུས།
རྒྱུས་ལོན་པ་ལྟར་ན། མཚོ་སྔོན་ཞིང་ཆེན་འགོ་ནད་རང་བཞིན་གྱི་ནད་ཐོག་སྨན་བཅོས་ཞིབ་འཇུག་ལྟེ་གནས་འཛུགས་སྐྲུན་གྱི་བཀོད་ཇུས་ནི་རང་ཞིང་གིས་འགོ་ནད་རང་བཞིན་གྱི་ནད་རིགས་དྲག་ཤོས་འགོག་བཅོས་བྱེད་པའི་ལག་རྩལ་ལ་ཤུགས་སྣོན་དང་།མི་དམངས་ཀྱི་ཚེ་སྲོག་བདེ་ཐང་ལ་ཁ་ཕྱོགས་ནས་སྨན་ཁང་གཙོ་བྱས་ནས་འགོ་ནད་རང་བཞིན་གྱི་ནད་རིགས་བཅོས་སྐྱོབ་ནུས་པ་མཐོར་འདེགས་གཏང་བྱེད་ཀྱི་ཐབས་གལ་ཆེན་ཞིག་ཡིན།ལྟེ་གནས་འཛུགས་སྐྲུན་གྱི་ཆ་ནས་ཀྱང་རྒྱལ་ཁབ་ཀྱི་ནད་ཐོག་གསོ་བཅོས་ཞིབ་འཇུག་ལྟེ་གནས་ཀྱི་ལས་ཕྱོད་དཔྱད་ཞིབ་ཀྱི་དམིགས་ཚད་ཚད་གཞིར་བཟུང་སྟེ། ཚད་གཞི་མཐོ་ཤོས་ཀྱི་ནད་ཐོག་སྨན་བཅོས་ཞིབ་འཇུག་གི་དཔུང་ཁག་དང་། ནད་ཐོག་ཞིབ་འཇུག་གི་མ་དཔེ་གཟུག་རྒྱུ་མ་ཟད། ཞིང་ཆེན་ནང་ཁུལ་དུ་འགོ་ནད་རང་བཞིན་གྱི་ནད་རིགས་སྨན་བཅོས་དང་། ཞིབ་འཇུག་ལས་ཁུངས་དང་མཉམ་དུ་དྲ་རྒྱའི་ལམ་ལུགས་གསར་དུ་བཏོད་ནས་ཞིང་ཆེན་ཡོངས་ཀྱི་འགོ་ནད་རང་བཞིན་གྱི་ནད་རིགས་ཞིབ་འཇུག་ལ་རམ་འདེགས་ཐུབ་པའི་ཞབས་ཞུ་སྟེགས་བུ་བསྐྲུན་རྒྱུ་རེད།
ད་སྔའི་བར་དུ། ཞིང་ཆེན་ཡོངས་སུ་མཐོ་སྒང་ནད་དང་། ཐུམ་འབུའི་ནད། བྱིས་པའི་བདེ་ཐང་དང་་སྙུང་ནད། ཕོ་བའི་ནད་ལ་སོགས་ཁྱབ་ཁོངས་སུ་བཙུགས་ཡོད་པའི་ཞིང་ཆེན་རིམ་པའི་ནད་ཐོག་སྨན་བཅོས་གསོ་རིག་ཞིབ་འཇུག་ལྟེ་གནས11ཡོད།
སླད་ཕྱིན ། ཞིང་ཆེན་ཚན་རྩལ་ཐིང་གིས་མུ་མཐུད་དུ་རང་ཞིང་གི་འགོ་ནད་ཚབས་ཆེན་རིགས་འགོག་ཟོན་གྱི་དགོས་མཁོར་དམིགས་ཏེ། འགོ་ནད་རང་བཞིན་གྱི་ནད་ཐོག་སྨན་བཅོས་གསོ་རིག་ཞིབ་འཇུག་ལྟེ་གནས་འཛུགས་སྐྲུན་ལ་མུ་མཐུད་དུ་སྐུལ་འདེད་དང་། རང་ཞིང་གི་འཕྲོད་བསྟེན་བདེ་ཐང་ཁྱབ་ཁོངས་ཀྱི་ཚན་རྩལ་གསར་གཏོད་ཀྱི་ནུས་པ་མཐོར་འདེགས་སུ་བཏང་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་བདེ་ཐང་འགན་སྲུང་ཐད་ལ་ཚན་རིག་ལག་རྩལ་གྱི་འདེགས་སྐྱོར་བྱ་རྒྱུ་རེད།