མཚོ་སྔོན་གྱིས《མཚོ་སྔོན་ཞིང་ཆེན་གྱི་རྐང་གྲུག་སློབ་གྲྭ་གསར་གྲས་འཛུགས་སྐྲུན་ཚོད་ལྟ་བྱེད་པའི་ལག་བསྟར་ཇུས་གཞི》བཏོན།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། རྐང་རྩེད་སྤོ་ལོས་མཚོ་སྔོན་ས་མཐོའི་གཞོན་ནུ་ལོ་ཆུང་མང་པོར་སྤྲོ་སེམས་དང་འདུན་པ་འཕེལ་དུ་བཅུག་ཡོད།  2024ལོའི་མཚོ་སྔོན་ཞིང་ཆེན་གྱི་གཞོན་ནུ་ལོ་ཆུང་གི་རྐང་རྩེད་སྤོ་ལོའི་ལེགས་སྐྱེས་འགྲན་བསྡུར་ཚ་ཚ་འུར་འུར་ངང་འགོ་ཚུགས་པ་དང་།  “མཛེས་སྡུག་ལྡན་པའི་མཚོ་སྔོན་སྟེ། ས་མཐོའི་རྐང་རྩེད་སྤོ་ལོའི”རིམ་འདས་མཉམ་འགྲན(གཤམ་དུ“གཞོན་ནུའི་རིམ་འདས་མཉམ་འགྲན”ཞེས་བསྡུ་རྒྱུ)བདེ་བླག་ངང་མཇུག་སྒྲིལ་པ་དང་བསྟུན་ནས་མཚོ་སྔོན་ཞིང་ཆེན་གྱི་རྐང་གྲུག་བྱ་བཞག་གིས་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་ཞིག་བསུས་ཡོད། ཞིང་ཆེན་སློབ་གསོ་ཐིང་དང་། ཞིང་ཆེན་ལུས་རྩལ་ཅུས། ཞིང་ཆེན་ནོར་སྲིད་ཐིང་བཅས་ཀྱིས་མཉམ་འབྲེལ་ཐོག་བཏོན་པའི《མཚོ་སྔོན་ཞིང་ཆེན་གྱི་རྐང་གྲུག་སློབ་གྲྭ་གསར་པ་བསྐྲུན་པའི་ཚོད་ལྟའི་ལག་བསྟར་ཇུས་གཞི》(གཤམ་དུ《ཇུས་གཞི》ཞེས་བསྡུ་རྒྱུ)ཉེ་ཆར་དངོས་སུ་བཏོན་པ་དང་། དེ་ཐོག་ནས་མཚོ་སྔོན་གྱི་རྐང་གྲུག་སློབ་གསོ་དུས་རབས་གསར་པར་སླེབས་ཉེར་ཡོད་པ་མཚོན།

 རྐང་རྩེད་སྤོ་ལོའི་སྤྲོ་སེམས་རབ་ཏུ་འཕེལ་ནས་ས་མཐོའི་ཕུགས་འདུན་སྒྲུབ།
         རྒྱལ་སྟོན་གུང་གསེང་གི་ཉིན་དང་པོར། གཞོན་ནུ་ལོ་ཆུང་གི་རྐང་རྩེད་སྤོ་ལོའི་ལུས་རྩལ་པ422ཀྱིས་ཐུན་མོང་མ་ཡིན་པའི་བྱེད་ཐབས་ཐོག་ནས་དམིགས་བསལ་གྱི་དུས་ཆེན་དེར་རྟེན་འབྲེལ་ཞུས་པ་སྟེ། ཁོང་ཚོ་མཉམ་དུ་འཛོམས་ནས་རྔུལ་ཆུ་དང་འབད་འཐབ་ལ་བརྟེན་ནས་རང་ཉིད་ལ་དབང་བའི་རྐང་གྲུག་གི་གཏམ་རྒྱུད་བརྩམས་ཡོད། 2024ལོར་མཚོ་སྔོན་ཞིང་ཆེན་གཞོན་ནུ་ལོ་ཆུང་གི་རྐང་གྲུག་ལེགས་སྐྱེས་འགྲན་བསྡུར་འགོ་ཚུགས་ནས་ལོ་རྒྱུས་ཐོག་བྱུང་མྱོང་མེད་པའི་ཀ་པ་ཚོགས་ཆུང་གི་འགྲན་བསྡུར20དང་། །ཁ་པ་ཚོགས་ཆུང་གི་འགྲན་བསྡུར38ཞིག་བྱས་ལ། དེས་ན་གཞོན་སྤོ་ལོ་རྒྱག་མཁན་དེ་དག་ལ་རང་ངོས་དང་རྩལ་ནུས་སྤེལ་རེས་ཀྱི་གར་སྟེགས་ཤིག་མཁོ་འདོན་བྱས་པ་མ་ཟད། མཚོ་སྔོན་གྱི་ས་གཞི་དེར་རྐང་རྩེད་སྤོ་ལོའི་ཕུགས་འདུན་གྱི་ས་བོན་བཏབས། ཕན་འབྲས་དེ་ཏག་ཏག“མཚོ་སྔོན་གྱི་རིམ་འདས་འགྲན་འདྲན”ལས་ཐོབ་པ་ཞིག་རེད། “གཞོན་ནུའི་རིམ་འདས་འགྲན་བསྡུར”གྱི་དུས་ཡུན་ཟླ་བ་ལྔའི་རིང་། འགྲན་ཞུགས་རུ་ཁག8དང་། འགྲན་སྐོར14དང་འགྲན་ཐེངས56བྱས་ཏེ། མྱུར་ལ་ལྟ་བས་མི་ངོམ་པའི་སྤོ་ལོ་ཐེངས172ལ་བཅུག་པ་དང་།  སྤོ་ལོ་འཇུག་ཐེངས་རེར་སྤོ་ལོ་པའི་འབད་བརྩོན་དང་རྒྱུན་འཁྱོངས་རྡོག་གཅིག་ཏུ་སྒྲིལ་ཡོད་པས། གཞོན་ནུ་ལོ་ཆུང་མང་པོའི་རྐང་རྩེད་སྤོ་ལོའི་ཕུགས་འདུན་དོན་གཉེར་བྱ་བའི་ཡིད་རབ་ཏུ་བཀུགས”།   

ཚོད་ལྟའི་ཇུས་གཞིས་རྐང་རྩེད་སྤོ་ལོའི་སློབ་གསོའི་ལེའུ་གསར་པ་རྩོམ།
    “གཞོན་ནུའི་རིམ་འདས་མཉམ་འགྲན”མཇུག་འགྲིལ་རྗེས་མཚོ་སྔོན་གྱི་རྐང་རྩེད་སྤོ་ལོའི་སྤྲོ་སེམས་ཉམས་པ་ཕར་ཞོགདེ་ལས་ལྡོག་སྟེ་འབྱུང་འགྱུར་འཕེལ་རྒྱས་སྐོར་གྱི་བསམ་གཞིག་དང་འཆར་འགོད་སྔར་བས་ཇེ་མང་དུ་ཕྱིན་ཡོད་པ་རེད། 《མཚོ་སྔོན་ཞིང་ཆེན་གྱི་རྐང་རྩེད་སྤོ་ལོའི་སློབ་གྲྭ་གསར་པ་བསྐྲུན་པའི་ཚོད་ལྟའི་ལག་བསྟར་ཇུས་གཞི》བཏོན་པ་དེ་ནི་བསམ་གཞིག་དེར་དང་ལེན་ཧུར་ཐག་དང་ཞིབ་ཕྲའི་ལག་ལེན་ཞིག་ཡིན་པ་རེད། ཇུས་གཞི་དེའི་ནང་ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར་ཚོད་ལྟ་བྱ་ཡུལ་དུ་བྱས་ནས་ས་གནས་གཉིས་ཀྱི་སློབ་གྲྭའི་ས་ཁམས་གནས་ཡུལ་དང་། ས་ཆའི་སྒྲིག་བཀོད། སློབ་མ་ཞུགས་ཚད། སློབ་གསོ་སློབ་ཁྲིད་ཀྱི་སྤུས་ཚད། འགྲན་དོན་སྒྲིག་འཛུགས་བྱེད་ནུས་སོགས་ཀྱི་རྒྱུ་རྐྱེན་ལ་ཕྱོགས་བསྡུས་ཚོད་སྐོར་བྱས་པ་བརྒྱུད་ཚོད་ལྟའི་སློབ་གྲྭ་ཁག་དང་པོ་བདམས། དམིགས་ཡུལ་ནི་ལོ་ངོ5ཡི་ནང་འབད་བརྩོན་བྱས་ཏེ། མཚོ་སྔོན་གྱི་དོན་དངོས་དང་མཐུན་ཞིང་ས་མཐོའི་ཁྱད་ཆོས་ལྡན་པའི་རྐང་རྩེད་སྤོ་ལོའི་སློབ་གསོ་འཕེལ་རྒྱས་ཀྱི་ལམ་བུ་ཞིག་འཚོལ་ཞིབ་བྱ་ཆེད་རེད།

 བཀོད་སྒྲིག་ཚན་རིག་དང་མཐུན་པ་བྱས་ནས་རྐང་རྩེད་སྤོ་ལོའི་སློབ་གསོའི་དྲ་རྒྱ་བསྐྲུན།
       ཚོད་ལྟའི་སློབ་གྲྭ་བཀོད་སྒྲིག་བྱ་བའི་ཐད་ཇུས་གཞིས“6+3+2”ཀྱི་བྱ་ཐབས་སྤྱད་པ་སྟེ། ཚོད་ལྟའི་ས་ཁུལ་ཚང་མར་སློབ་ཆུང6དང་། དམའ་རིམ་སློབ་འབྲིང3། མཐོ་རིམ་སློབ་འབྲིང2བཅས་བཀོད་སྒྲིག་བརྒྱབ་ནས་རྨང་གཞིའི་སློབ་གསོའི་དུས་མཚམས་སུ་རྐང་རྩེད་སྤོ་ལོའི་སློབ་གསོ་ཁྱོན་ཡོངས་ནས་ཁྱབ་གདལ་ཐུབ་པར་འགན་ལེན་བྱ་རྒྱུ་རེད། ཟི་ལིང་གྲོང་ཁྱེར་གྱི་མཁར་ནུབ་དང་། མཁར་བྱང་། མཚོ་ཤར་གྲོང་ཁྱེར་ལུང་མདོ་ཆུས་བཅས་ཚོད་ལྟ་བྱ་ཡུལ་ཁག་དང་པོར་བཞག་སྟེ། སོ་སོ་ཁྱད་ཆོས་ལྡན་པའི་སློབ་གྲྭའི་ཚོད་ལྟ་བྱ་ཡུལ་དུ་བདམས་པ་རེད། སློབ་གྲྭ་དེ་དག་ལ་རྐང་རྩེད་སྤོ་ལོའི་རྨང་གཞི་ཅུང་ཡག་པོ་ཡོད་པ་མ་ཟད། རྐང་རྩེད་སྤོ་ལོའི་སློབ་གསོ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མི་མངོན་པའི་སྟོབས་ཤུགས་དང་ཆ་རྐྱེན་དེ་བས་འཛོམས་ཡོད་པ་རེད། ཚན་རིག་དང་མཐུན་པའི་སྒོ་ནས་བཀོད་སྒྲིག་དང་འཆར་འགོད་ཞིབ་ཚགས་བརྒྱུད། མཚོ་སྔོན་གྱིས་ཁྱབ་རྒྱ་ཆེ་བ་དང་རིམ་པ་ཁ་གསལ་གྱི་རྐང་རྩེད་སྤོ་ལོའི་སློབ་གསོའི་དྲ་རྒྱ་ཞིག་རིམ་བཞིན་བསྐྲུན་རྒྱུ་རེད།

 སྒྲིག་བཀོད་འཛུགས་སྐྲུན་བྱས་ནས་རྐང་རྩེད་སྤོ་ལོ་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་པོར་གཏོང་།
        《ཇུས་གཞི》ཡི་ནང་ཚོད་ལྟ་སློབ་གྲྭའི་རྐང་གྲུག་ར་བ་སོགས་ཀྱི་མཁྲེགས་ཆས་སྒྲིག་བཀོད་ཁྱོན་ཡོངས་ནས་འཐུས་ཚང་དུ་གཏོང་དགོས་པ་སྟེ། སྲིད་གཞུང་གིས་མ་དངུལ་གཏོང་བ་དང་། སྤྱི་ཚོགས་ཀྱིས་ཞལ་འདེབས་རྒྱག་པ། སློབ་གྲྭ་དང་ཁེ་ལས་གཉིས་ཀས་མཉམ་ལས་སོགས་ཀྱི་བྱ་ཐབས་སྣ་ཚོགས་བརྒྱུད་མ་དངུལ་གྲབས་གསོག་བྱས་ཏེ། ཚོད་ལྟ་སློབ་གྲྭའི་རྐང་གྲུག་ར་བ་ཚད་ལྡན་ཅན་དུ་སྒྱུར་བཀོད་དང་རིམ་སྤོར་བྱེད་དགོས་ཞེས་ཁ་གསལ་བཏོན་ཡོད་པ་རེད། དེ་དང་ཆབས་ཅིག་ད་དུང་སྔོན་ཐོན་གྱི་རྐང་རྩེད་སྤོ་ལོའི་སློབ་ཁྲིད་སྒྲིག་ཆས་དང་ལག་རྩལ་བྱ་ཐབས་ནང་འདྲེན་བྱས་ནས་སློབ་ཁྲིད་དང་སྦྱོང་བརྡར་གྱི་ཚན་རིག་རང་བཞིན་དང་ནུས་ལྡན་རང་བཞིན་ཇེ་ཆེར་མཐོ་གཏོང་དགོས་པའི་བླང་བྱ་བཏོན། བྱ་ཐབས་དེ་དག་གིས་གཞོན་ནུ་ལོ་ཆུང་གི་སྤོ་ལོ་རྒྱག་མཁན་ཚོར་དེ་བས་བདེ་འཇགས་དང་། སྐྱིད་སྣང་དོད་པ། ཆེད་ལས་བཅས་ཀྱི་སྦྱོང་བརྡར་ཁོར་ཡུག་བསྐྲུན་ནས་རྐང་རྩེད་སྤོ་ལོའི་ཕུགས་འདུན་ལ་གཤོག་ཟུང་བསྒྲོན་རྒྱུ་རེད།

 དགེ་རྒན་དཔུང་སྡེར་གསོ་སྦྱོང་བྱས་ནས་སློབ་ཁྲིད་ཀྱི་སྤུས་ཚད་དང་ཆུ་ཚད་ཇེ་མཐོར་གཏང་།
        《ཇུས་གཞི》ཡི་ནང་སློབ་གྲྭའི་རྐང་གྲུག་དགེ་རྒན་བྱེད་པོ་རུ་འཛིན་པ་དང་ཆབས་ཅིག ཞིང་ཆེན་ལུས་རྩལ་ཅུས་དང་སྤྱི་ཚོགས་རྩ་འཛུགས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་སློབ་གྲྭའི་ཕྱི་ནང་ཟུང་འབྲེལ་དང་། རིམ་པ་ཁག་བགོས་དང་དེའི་འགན་འཁྲི་ཁ་གསལ་གྱི་སློབ་གྲྭའི་རྐང་རྩེད་སྤོ་ལོའི་དགེ་རྒན་དཔུང་ཁག་ཅིག་འཛུགས་དགོས་པ་ནན་བཤད་བྱས་ཡོད་པ་རེད། དུས་བཀག་ལྟར་རྐང་རྩེད་སྤོ་ལོའི་དགེ་རྒན་གསོ་སྦྱོང་འཛིན་གྲྭ་གཉེར་བ་དང་། རྒྱལ་ཁབ་ཕྱི་ནང་གི་རྩལ་ཁྲིད་པ་གྲགས་ཅན་མཚོ་སྔོན་དུ་མཛུབ་ཁྲིད་བྱེད་པར་གདན་དྲངས་པ་དང་། ཡང་ན་དགེ་རྒན་ཕྱི་རྒྱལ་དུ་བསྐྱོད་ནས་སྤེལ་རེས་དང་སློབ་སྦྱོང་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་དགེ་རྒན་གྱི་ཆེད་ལས་བྱང་ཚད་དང་སློབ་ཁྲིད་ནུས་པ་རྒྱུན་ཆད་མེད་པར་མཐོ་རུ་གཏང་རྒྱུ་དང་། གཞན་ཡང་ད་དུང་རྐང་རྩེད་སྤོ་ལོའི་དགེ་རྒན་གྱི་ལྕག་སྐུལ་ལམ་སྲོལ་དང་གདེང་འཇོག་མ་ལག་བཙུགས་ནས་དགེ་རྒན་གྱི་ལས་ཀའི་ཧུར་བརྩོན་རང་བཞིན་དང་གསར་གཏོད་ནུས་པ་འཕེལ་བར་བྱ་རྒྱུ་རེད། བྱེད་ཐབས་དེ་དག་གིས་མཚོ་སྔོན་གྱི་རྐང་རྩེད་སྤོ་ལོའི་སློབ་གསོ་ཡི་སྤུས་ཚད་སྤྱིའི་ཆ་ནས་མཐོར་འདེགས་ཡོང་བར་སྐུལ་འདེད་ཐུབ་པ་རེད།

   སློབ་ཁྲིད་རིམ་བགོས་དང་དངོས་འཐབ་ནུས་པ་གསོ་སྐྱོང་ལ་སྣང་ཆེན་བྱེད།
       སློབ་གསོ་སློབ་ཁྲིད་ཐད《ཇུས་གཞི》ནང་ལོ་ན་མི་འདྲ་བའི་སློབ་མར་དམིགས་པའི་སློབ་ཁྲིད་རིམ་བགོས་ཐབས་ཇུས་བཏོན་པ་སྟེ།  སློབ་ཆུང་གི་མཚམས་ཀྱི་སློབ་མར་སྤོ་ལོའི་ཚོར་སྣང་དང་གཞི་རྩའི་ལག་རྩལ་གསོ་སྐྱོང་ལ་སྣང་ཆེན་བྱས་ནས་རོལ་རྩེད་རྣམ་པའི་སློབ་ཁྲིད་བྱེད་སྟངས་བརྒྱུད། རྐང་རྩེད་སྤོ་ལོར་དགའ་པོ་བྱེད་པའི་སློབ་མར་སྤྲོ་སྣང་དང་དགའ་ཕྱོགས་འཕེལ་དུ་འཇུག་པ་དང་། དམའ་འབྲིང་མཚམས་ཀྱི་སློབ་མར་ཚོ་ཆུང་དང་འཐབ་རྩལ་གྱི་སློབ་ཁྲིད་བཀོད་སྒྲིག་བརྒྱབ་ནས་སྦྱོང་བརྡར་ལ་ཤུགས་སྣོན་བརྒྱབ་ཏེ། སློབ་མའི་དངོས་འཐབ་ཀྱི་ནུས་པ་ཆེ་རུ་གཏོང་རྒྱུ། མཐོ་འབྲིང་མཚམས་ཀྱི་སློབ་མར་དངོས་འཐབ་ཅན་གྱི་སློབ་ཁྲིད་དང་སྦྱོང་བརྡར་ལ་དེ་བས་མཐོང་ཆེན་བྱས་ནས་སློབ་མ་རྣམས་ཀྱི་ཆུ་ཚད་དེ་འབྱུང་འགྱུར་ལ་རིམ་པ་དེ་བས་མཐོ་བའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ནང་ཞུགས་པར་རྨང་གཞི་བརྟན་པོ་ཞིག་འདིང་རྒྱུ་དེ་རེད། དེ་དང་ཆབས་ཅིག་སྣ་མང་ཕུན་སུམ་ཚོགས་པའི་རྐང་རྩེད་སྤོ་ལོའི་རིག་གནས་བྱེད་སྒོ་སྤེལ་ནས་སློབ་གྲྭའི་རྐང་རྩེད་སྤོ་ལོའི་རྣམ་པ་ཟབ་མོ་བཏོད་དེ། སློབ་མ་ཚོ་དེའི་ནང་ཞུགས་རིང་རྐང་རྩེད་སྤོ་ལོའི་ཡིད་དབང་འཕྲོག་ཤུགས་དང་ལུས་རྩལ་གྱི་སྤྲོ་སྣང་ཚོར་ཐུབ་པ་བྱ་རྒྱུ་རེད།

 

འབྱུང་འགྱུར་ལ་རྒྱང་ལྟ་བྱས་ནས་ཐུན་མོང་ཐོག་འོད་སྟོང་འབར་བའི་མཚོ་སྔོན་གྱི་རྐང་རྩེད་སྤོ་ལོའི་རྣམ་པ་གསར་གཏོད།
       འབྱུང་འགྱུར་ལ་རྒྱང་ལྟ་བྱེད་པའི་ཐད་ནས། 《ཇུས་གཞི》དེ་ལག་བསྟར་གཏིང་ཟབ་དང་རྒྱུན་ཆད་མེད་པར་འཐུས་སྒོ་ཇེ་ཚང་བཏང་བ་དང་སྦྲགས་ནས་མཚོ་སྔོན་གྱི་རྐང་རྩེད་སྤོ་ལོའི་བྱ་གཞག་གིས་དེ་བས་ཡངས་ཤིང་རྒྱ་ཆེ་བའི་འཕེལ་རྒྱས་ཀྱི་མདུན་ལམ་བསུ་ངེས། 2026ལོར་སླེབས་སྐབས་རྐང་རྩེད་སྤོ་ལོའི་སློབ་གྲྭ་གསར་པ་འཛུགས་སྐྲུན་གྱི་ཚད་གཞིའི་མ་ལག་འཛུགས་པ་དང་འབྲེལ་ནས་ཁྱོན་ཡོངས་སུ་ཁྱབ་གདལ་གཏང་རྒྱུ་དང་། 2028ལོར་སླེབས་དུས་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར(ཁུལ)ཁག་གི་རྐང་རྩེད་སྤོ་ལོའི་སློབ་གྲྭ་གསར་པ་དེ་འཛུགས་སྐྲུན་གྱི་ཚད་གཞིར་བཟུང་སྟེ་ཁྱོན་ཡོངས་ནས་བསྐྲུན་པ་དང་འབྲེལ་བེད་སྤྱོད་གཏང་རྒྱུ།   སྐབས་དེར་མཚོ་སྔོན་གྱི་སློབ་གྲྭའི་རྐང་རྩེད་སྤོ་ལོའི་ཁྱབ་རྒྱ་ཆེ་ཞིང་། མ་ལག་ཆ་ཚང་བ། ལམ་ལུགས་སྔར་བས་ལེགས་པ། སྤུས་ཚད་སྔར་བས་མཐོ་བ་བཅས་ཀྱི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཞིག་ཆགས་རྒྱུ་ཡིན་པ་རེད། གཞོན་ནུ་ལོ་ཆུང་དེ་བས་མང་བས་རྐང་རྩེད་སྤོ་ལོའི་ལུས་རྩལ་དེར་དགའ་པོ་བྱེད་ཅིང་འགྲན་བསྡུར་ནང་ཞུགས་ཏེ། རྐང་རྩེད་སྤོ་ལོའི་ར་བར་འབད་པས་རྔུལ་ཆུ་འདོན་ཞིང་། ཕུགས་འདུན་དོན་གཉེར་ལ་བྲེལ་ནས་འབྱུང་འགྱུར་གཏོད་ངེས་རེད། 

རྩོམ་སྒྲིག་པ། : ཁོན་ཐར་འཚོ།