མཚོ་སྔོན་ཞིང་ཆེན་གྱིས་མཁར་གྲོང་གི་དཀའ་ངལ་ཡོད་པའི་མང་ཚོགས་ལ་དགུན་དུས་དྲོད་ལེན་རོགས་སྐྱོབ་མ་དངུལ་སྒོར་དུང་ཕྱུར་གཅིག་ལྷག་བྱིན།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

 གསར་འགོད་པས་མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་ནས་རྒྱུས་ལོན་པ་ལྟར་ན། ཕྱོགས་ཡོངས་ནས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་སྲུང་བྱེད་པའི་སྐོར་གྱི་འབྲེལ་ཡོད་བླང་བྱ་དོན་འཁྱོལ་བྱ་ཆེད། དགུན་དུས་ཀྱི་དྲོད་འདོན་དུས་སྐབས་ཐོན་ལ་ཉེ་བའི་སྐབས་སུ། ཞིང་ཆེན་དམངས་སྲིད་ཐིན་གྱིས་དུས་ཐོག་ཏུ་བརྡ་ཐོ་བཏང་ནས། ས་གནས་སོ་སོའི་དམངས་སྲིད་སྡེ་ཁག་གིས་གྲོང་ཁྱེར་གྱི་མ་མཐའི་འཚོ་བའི་འགན་སྲུང་བྱ་ཡུལ་དང་གྲོང་ཁྱེར་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣར་ཁྱིམ་ཚང་རེར་སྒོར1000དང་། ཞིང་སྡེའི་མ་མཐའི་འཚོ་བའི་འགན་སྲུང་བྱ་ཡུལ་དང་ཞིང་སྡེའི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣར་ཁྱིམ་ཚང་རེར་སྒོར800ཡི་ཚད་གཞི་ལྟར། མཁར་གྲོང་གི་དཀའ་ངལ་ཡོད་པའི་མང་ཚོགས་ལ2024ལོའི་དགུན་དུས་དྲོད་འདོན་རོགས་སྐྱོབ་མ་དངུལ་སྟེར་རྒྱུའི་རྩ་འཛུགས་དང་མཛུབ་སྟོན་བྱས། ཟླ9པའི་ཟླ་མཇུག་བར། ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོས་དྲོད་ལེན་རོགས་སྐྱོབ་མ་དངུལ་སྟེར་བའི་བྱ་བ་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱས་ཟིན་པ་དང་། མཁར་གྲོང་གི་དཀའ་ངལ་ཡོད་པའི་ཁྱིམ་ཚང་འབུམ་གཅིག་དང་ཁྲི་དྲུག་སྟོང་གཅིག་དགུ་བརྒྱ་ལ་དྲོད་འདོན་རོགས་སྐྱོབ་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་གསུམ་ས་ཡ་བདུན་བྱིན།  །

རྩོམ་སྒྲིག་པ། : ཁོན་ཐར་འཚོ།