ཞིང་ཆེན་སྲིད་གྲོས་ཀྱི་འགོ་ཁྲིད་རྣམས་ཀྱིས་ལས་བྱེད་པ་རྒན་པ་དང་ཏང་ཡོན་རྒན་པར་འཚམས་འདྲི་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ75འཁོར་བའི་སྐབས་འདིར། ཞིང་ཆེན་སྲིད་གྲོས་ཀྱི་འགོ་ཁྲིད་རྣམས་ཀྱིས་ཀྲུང་གོ་གསར་པ་དབུ་མ་བརྙེས་སྔོན་ལ་གསར་བརྗེའི་བྱ་བར་ཞུགས་པའི་ལས་བྱེད་པ་རྒན་པ་དང་ཏང་ཡོན་རྒན་པ། གཞུང་དོན་དུ་རང་སྲོག་བློས་བཏང་བའི་ཏང་ཡོན་ལས་བྱེད་པའི་ཁྱིམ་མི་བཅས་ལ་འཚམས་འདྲི་བྱས་ནས། ཁོ་ཚོར་བྱམས་བརྩེའི་ཁམས་འདྲི་དང་བླ་མེད་གུས་འདུད་ཞུས།

ཟླ9པའི་ཚེས26ཉིན།  ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཏང་ཡོན་རྒན་པ་ཝང་ཝུན་ཆིན་གྱི་ཁྱིམ་ལ་སོང་ནས་འཚམས་འདྲི་བྱས། ཝང་ཝུན་ཆིན་ནི་དགུང་ལོ་ཧ་ཅང་བགྲེས་པའི་རྒན་པོ་ཞིག་ཡིན་ཏེ། ཏང་ནང་ཞུགས་ནས་ལོ་དོན་དྲུག་འགོར་ཡོད་ལ། ཀྲུང་གོ་གསར་པ་དབུ་མ་བརྙེས་པའི་སྔོན་གསར་བརྗེའི་བྱ་བར་ཞུགས་པའི་ལས་བྱེད་པ་རྒན་པ་དང་ཏང་ཡོན་རྒན་པ་ཡིན་ཞིང་། མེ་འགོག་ཁྲའོ་རོགས་དམག་འཁྲུག་ལ་ཞུགས་མྱོང་། རྒན་པོའི་བྲང་ཁར་ཏང་རྟགས་བཏགས་ཡོད་ལ། རྐང་པ་དེ་ཙམ་མི་བདེ་རུང་རྣམ་རིག་གསལ་བར་མ་ཟད། ཁོས་ཁོ་རང་མེ་འགོག་ཁྲའོ་རོགས་དམག་འཁྲུག་ལ་ཞུགས་པ་དང་མཚོ་སྔོན་འཛུགས་སྐྲུན་གྱི་བྱ་བར་ཞུགས་པའི་ལོ་ཟླའི་ཁྲོད་ཀྱི་འདས་དོན་དག་གླེང་བྱུང་། མགོན་པོ་བཀྲ་ཤིས་ཀྱིས་བྱམས་བརྩེ་ལྡན་པའི་ངང་ནས་རྒན་པོར་ལག་འཇུ་བྱས་པར་མ་ཟད་གླེང་མོལ་བྱས། ཁོས་བཤད་རྒྱུར། ཁྱེད་ཀྱི་སེམས་ཁམས་སྐྱིད་པོ་ཡོད་པ་མཐོང་དུས་ང་ཚོ་ཧ་ཅང་དགའ་སྤྲོ་སྐྱེས་བྱུང་། སྔོན་ཆད་ཁྱོད་ཀྱིས་ཏང་གི་བྱ་གཞག་དང་རྒྱལ་ཁབ་ཀྱི་འཛུགས་སྐྲུན། མཚོ་སྔོན་གྱི་འཕེལ་རྒྱས་བཅས་ཀྱི་ཐད་བྱས་རྗེས་གལ་ཆེན་བཞག་པ་དེ་ནི་རྒྱུ་ནོར་རྩ་ཆེན་ཞིག་ཡིན་ལ། ཁྱེད་ཀྱིས་བྱས་རྗེས་བཞག་པ་དེ་ང་ཚོས་ནམ་ཡིན་རུང་བརྗེད་མི་སྲིད། ཁྱེད་ཀྱིས་རང་གི་ལུས་ཕུང་ལ་བདག་སྐྱོང་ལེགས་པོ་བྱས་ནས་མཉམ་དུ་རྒྱལ་ཁབ་དར་རྒྱས་གོང་འཕེལ་འགྲོ་བར་བདེན་དཔང་བྱེད་དགོས་ཟེར། ཁོས་བཤད་རྒྱུར། ང་ཚོས་ཏང་ཡོན་རྒན་པ་རྣམས་ཀྱི་ཏང་ལ་བློ་དཀར་བ་དང་རྒྱལ་ཁབ་ལ་བློ་དཀར་བ། མི་དམངས་ལ་བློ་དཀར་བའི་བླ་མེད་སྙིང་སྟོབས་དར་སྤེལ་བྱེད་པ་དང་། དམར་པོའི་གཞི་རྒྱུ་རྒྱུད་འཛིན་བྱེད་ཅིང་། བཅོས་སྒྱུར་འཕེལ་རྒྱས་ཀྱི་འགན་འཁྲི་ལྕི་མོ་ཕྲག་ཏུ་བླངས་ཏེ། ནུས་ཤུགས་ཡོད་རྒུས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་ལག་ལེན་ལ་སྐུལ་འདེད་གཏོང་བར་བྱས་རྗེས་གསར་པ་འཇོག་དགོས། འབྲེལ་ཡོད་སྡེ་ཁག་གིས་ནུས་ཤུགས་ཡོད་རྒུས་ལས་བྱེད་རྒན་པ་དང་ཏང་ཡོན་རྒན་པའི་ཞབས་ཞུ་འགན་སྲུང་བྱ་བ་ལེགས་པོར་སྒྲུབ་ནས། ཁོ་ཚོར་རྩ་འཛུགས་ཀྱི་ཐུགས་ཁུར་དང་དྲོད་འཁོལ་ཚོར་དུ་འཇུག་པ་དང་། རྒས་ན་སྤྲོ་སྣང་ཡོད་ཅིང་། སེམས་ལ་བརྟེན་ས་ཡོད་པ། ཚེ་མཇུག་གི་འཚོ་བ་སྐྱིད་པོ་རོལ་དུ་འཇུག་པ་བཅས་བྱེད་དགོས་ཟེར།

ཚེས26ཉིན་ནས་ཚེས29ཉིན་བར། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཁོང་ཡུང་དང་། ཝང་ཞོན། ཝང་ཀྲིན་ཁྲང་། ཀྲང་ཞའོ་རུང་། ལིས་ཞའོ་ནན། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཁོངས་མི་ཕིན་ཡིའུ་ཏུང་བཅས་ཀྱིས་སོ་སོར་ལས་བྱེད་པ་རྒན་པ་དང་ཏང་ཡོན་རྒན་པ། གཞུང་དོན་དུ་རང་སྲོག་བློས་བཏང་བའི་ཏང་ཡོན་ལས་བྱེད་པའི་ཁྱིམ་མི་བཅས་ལ་འཚམས་འདྲི་བྱས་ཤིང་། ཁོ་ཚོར་ཏང་དང་སྲིད་གཞུང་གི་བྱམས་བརྩེའི་ཐུགས་ཁུར་བསྐྱལ། ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་རྣམས་ཀྱིས་ཏང་ཡོན་རྒན་པའི་ཚེ་མཇུག་གི་འཚོ་བར་སེམས་ཁུར་ཚད་མེད་གནང་བཞིན་ཡོད་པས། བྱམས་བརྩེ་ལྡན་པའི་ངང་ནས་ཁོ་ཚོའི་ལུས་ཕུང་བདེ་ཐང་དང་འཚོ་བའི་གནས་ཚུལ་སྐོར་དྲིས་ཤིང་། ཁོ་ཚོ་དང་མཉམ་དུ་འདས་ཟིན་པའི་ལོ་ཟླར་ཕྱིར་དྲན་བྱས་པ་དང་། བྱམས་བརྩེའི་ཁ་བརྡ་བྱས་ནས་འཕེལ་རྒྱས་གླེང་ཞིང་། ཚང་མར་ཚེ་རིང་ནད་མེད་དང་ཁྱིམ་ཚང་བདེ་སྐྱིད་ཡོང་བའི་སྨོན་འདུན་ཞུས།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།