(མཚོ་སྔོན་བོད་ཡིག་གསར་འགྱུར་ཚགས་པར་ཁང་གིས་སྤེལ་བའི་འཕྲིན། གསར་འགོད་པ། ཚེ་རྡོ།) ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར75ལོན་པར་རྟེན་འབྲེལ་ཞུ་བ་དང་།མགོ་ལོག་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་ངོ70ལོན་པར་ལེགས་སྐྱེས་འབུལ་བའི་དངོས་བཤུས་གློག་བརྙན《པད་མའི་རི་ལུང་ལ་འཐིམ་པའི་རྒྱང་བསྐྱོད་ལམ་བུ》ཡི་བགྲོ་གླེང་ཚོགས་འདུ་ཟླ9པའི་ཚེས30ཉིན་གྱི་ཕྱི་དྲོར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོར་བསྡུས།
དངོས་བཤུས་གློག་བརྙན་འདི་ནི2023ལོར་མཚོ་སྔོན་ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་གྱི་རྩེ་གྲའི་བརྩམས་ཆོས་གཙོ་གནད་རོགས་སྐྱོར་རྣམ་གྲངས་ཤིག་ཡིན་ལ།མཚོ་སྔོན་ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཅུས་ཀྱིས་འཆར་འགོད་དང་སྒྲིག་འཛུགས་བྱས་ཤིང་།མཚོ་སྔོན་ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཅུས་དང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་མཉམ་འབྲེལ་སྒོས་འགྲེམ་སྤེལ་བྱས་པ་རེད།དངོས་བཤུས་གློག་བརྙན《པད་མའི་རི་ལུང་ལ་འཐིམ་པའི་རྒྱང་བསྐྱོད་ལམ་བུ》ནི་རང་ས་གནས་ཀྱི་དངོས་བཤུས་གློག་བརྙན་འཁྲབ་ཁྲིད་པ་དང་བརྙན་ལེན་རུ་ཁག་གིས་ཕབ་སྐྲུན་བྱས་པའི་བརྩམས་ཆོས་ཤིག་རེད།དངོས་བཤུས་གློག་བརྙན་ཁྲོད་ངག་ཐོག་དང་ལོ་རྒྱུས་ཀྱི་གཟུགས་བརྙན་དཔྱད་གཞིའི་རྣམ་པའི་ཐོག་ནས་དམར་དམག་པད་མ་བརྒྱུད་སྐབས་ཀྱི་གནས་ཚུལ་མངོན་ཡོད་པ་དང་།དམར་དམག་གི་འདྲ་གཟུགས་དང་།དམར་དམག་གི་བང་སོ།དམར་དམག་གི་ཟམ་པ།དམར་དམག་གི་སླ་ང་།དམར་དམག་གི་སྦྱར་ཡིག་བཅས་ནས་འགོ་བཙུགས་ཏེ།དངོས་སུ་བརྒྱུད་མྱོང་མཁན་དང་མཐོང་མཁན་བཅས་ལ་གླེང་མོལ་བྱེད་པ་དང་།པར་རྙིང་པ་དང་དངོས་པོ་རྙིང་པའི་ཁྲོད་ནས་ཁུངས་སྣེ་བཙལ་ཏེ་དམར་དམག་རྒྱང་བསྐྱོད་ཀྱི་སྙིང་སྟོབས་པད་མ་ནས་མཚོ་སྔོན་དུ་ཁྱབ་པའི་མི་སེམས་འགུལ་བའི་གཏམ་རྒྱུད་ཐད་ཀར་མངོན་པར་བྱས་ཡོད་པ་རེད།
དངོས་བཤུས་གློག་བརྙན་འཁྲབ་ཁྲིད་པ་སྟག་ལྷ་རྒྱལ་གྱིས་གློག་བརྙན་གྱི་ནང་དོན་ངོ་སྤྲོད་བྱེད་བཞིན་པ།
དངོས་བཤུས་གློག་བརྙན《པད་མའི་རི་ལུང་ལ་འཐིམ་པའི་རྒྱང་བསྐྱོད་ལམ་བུ》ཡི་འཁྲབ་ཁྲིད་པ་སྟག་ལྷ་རྒྱལ་གྱིས་བཤད་རྒྱུར།གློག་བརྙན་འདི་ང་ཚོས་དུས་ཡུན་ལོ་ངོ་གཉིས་ཀྱི་རིང་ལ།ལོ་རྒྱུས་ཀྱི་དཔང་པོ་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ལ་ཕྱིར་མིག་བལྟས་ནས།ཀྲུང་གོ་བཟོ་ཞིང་དམར་དམག་ཕྱོགས་ཁག་གཉིས་པ་དང་བཞི་པ་དཔུང་ཕྱོགས་སྒར་ཆེན་གྱིས་གྲུབ་པའི་དམར་དམག་འཐབ་འཛིང་པ་ཁྲི་གསུམ་ལྷག་ཙམ་གྱིས་དཀའ་ཚེགས་ཆེན་པོས་རྒྱང་བསྐྱོད་བྱས་པ་བརྒྱུད།སི་ཁྲོན་དཀར་མཛེས་ནས་མཚོ་སྔོན་པད་མ་རྫོང་དུ་བསྐྱོད་དེ་ངལ་གསོ་ལེགས་སྒྲིག་དང་།འབྲུ་རིགས་གྲབས་གསོགརྒྱལ་ཡོངས་ཀྱི་རི་འགོག་འཐབ་ཕྱོགས་གཅིག་གྱུར་གྱི་མི་སེམས་འགུལ་བའི་གཏམ་རྒྱུད་དྲིལ་སྒྲོག་བྱས་ཡོད་པར་མ་ཟད།པད་མའི་བོད་རིགས་མི་དམངས་ཀྱིས་དམར་དམག་གི་འཚོ་གནས་དང་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ལུགས་བརྗོད་ཡོད།ཕྱོགས་གཞན་ཞིག་ནས་ཏང་གི་དམངས་ཕན་དང་དམངས་ཕྱུག་སྲིད་ཇུས་ཀྱི་ཁྲིད་སྟོན་འོགགསར་བརྗེའི་ས་གཞི་འདིར་འཛུགས་སྐྲུན་དང་།ཐོན་ལས་དར་སྤེལ།དབུལ་ཐར་འགག་སྒྲོལ།གྲོང་གསེབ་དར་སྤེལ་གཏོང་བ་བཅས་བྱས་པས།གྲོང་སྡེའི་རྣམ་པ་དང་།མང་ཚོགས་ཀྱི་འཚོ་བར་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་ལོ་རྒྱུས་ཀྱི་འཕོ་འགྱུར་ཆེན་པོ་བྱུང་བ་མཚོན་ཡོད།བགྲོ་གླེང་ཚོགས་འདུའི་སྟེང་།མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཅུས་དང་།མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་།མཚོ་སྔོན་ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་དང་དྲ་རྒྱའི་མཐུན་ཚོགས།མཚོ་སྔོན་མི་རིགས་སློབ་ཆེན་རྩོམ་རིག་དང་གསར་འགྱུར་དྲིལ་སྒྲོག་སློབ་གླིང་།མགོ་ལོག་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས།པད་མ་རྫོང་བཅས་ཀྱི་འབྲེལ་ཡོད་འགོ་ཁྲིད་དང་།ཆེད་མཁས་པ།སློབ་མ་བཅས་མི་སྣ70ལྷག་གིས་ཡུལ་དངོས་སུ་དངོས་བཤུས་གློག་བརྙན་ལ་བལྟས་རྗེས་དཔྱད་བརྗོད་སྤེལ་ནས་གདེང་འཇོག་མཐོན་པོ་གནང་།
ཆེད་མཁས་པ་ཚོས་དཔྱད་བརྗོད་གནང་བཞིན་པ།
མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་རྩོམ་རིག་དང་གསར་འགྱུར་སྒྲོག་སྤེལ་སློབ་གླིང་གི་གླིང་གཙོས་དཔྱད་བརྗོད་སྤེལ་བཞིན་པ།
མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཅུས་ཀྱི་འབྲེལ་ཡོད་འགོ་ཁྲིད་ཀྱིས་དཔྱད་བརྗོད་སྤེལ་བཞིན་པ།
རྒྱང་བསྐྱོད་ཀྱི་སྙིང་སྟོབས་ཀྲུང་ཧྭ་མི་རིགས་ཀྱི་ཁྲག་རྒྱུན་དང་རྣམ་ཤེས་ནང་འདྲེས་ཡོད་པ་དང་། གློག་བརྙན་ཕབ་སྐྲུན་ལེགས་འགྲུབ་བྱུང་བ་དེས་དམར་དམག་རྒྱང་བསྐྱོད་བྱེད་སྐབས་མཚོ་སྔོན་བརྒྱུད་དགོས་པའི་དཔྱད་གཞིའི་ཡིག་མཛོད་ལ་ལོ་རྒྱུས་ཀྱི་དོན་སྙིང་དང་རིག་གཞུང་གི་རིན་ཐང་ཆེན་པོ་ལྡན་ཡོད་པར་མ་ཟད།ད་དུང་རྒྱང་བསྐྱོད་ཀྱི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་རྒྱུར་ཕན་ཞིང་།མི་རྣམས་ལ་ངར་སེམས་ཆེར་སྐྱེད་དང་ཞུམ་མེད་མདུན་སྐྱོད་བྱེད་པ་དང་།དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱ་ཆེད་སྟོབས་ཤུགས་གཅིག་ཏུ་སྒྲིལ་རྒྱུར་སྐུལ་མ་ཐེབས་ཡོད་པ་རེད། །
མཚོ་སྔོན་ཞིང་ཆེན་གསར་འགྱུར་བྱ་བའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པས་དཔྱད་བརྗོད་སྤེལ་བཞིན་པ།
མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་སློབ་མའི་འཐུས་ཚབ་པས་དཔྱད་བརྗོད་སྤེལ་བཞིན་པ།