《མཚོ་སྔོན་ཞིང་ཆེན་གྱི་ཚྭ་མཚོའི་ཐོན་ལས་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་སྲོལ་ཡིག》ཟླ10པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན།(གསར་འགོད་པ་ཚུའེ་ཡུང་ཐའོ་ཡི་འཕྲིན་སྤེལ)ཟླ9པའི་ཚེས25ཉིན་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ཨུའི་གཞུང་དོན་ཐིང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཤིང་།     ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཁྲིམས་ལུགས་ལས་དོན་ཨུ་ལྷན་དང་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིང་གི་འབྲེལ་ཡོད་འགན་འཁུར་བས《མཚོ་སྔོན་ཞིང་ཆེན་གྱི་ཚྭ་མཚོའི་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲོལ་ཡིག》(གཤམ་དུ《སྲོལ་ཡིག》ཅེས་བསྡུ་རྒྱུ)2024ལོའི་ཟླ10པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུའི་འབྲེལ་ཡོད་གནས་ཚུལ་བརྡ་ཁྱབ་བཏང་།     དེ་ཐོག་ནས་མཚོ་སྔོན་ཞིང་ཆེན་གྱིས་འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་ཚྭ་མཚོའི་ཐོན་ལས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་ཐད་གོམ་སྟབས་གལ་ཆེན་ཞིག་སྤོས་པ་མཚོན་ཡོད།     

《སྲོལ་ཡིག》བཟོ་བའི་དམིགས་ཡུལ་ནི་ཚྭ་མཚོའི་ཐོན་ཁུངས་སྲུང་སྐྱོང་དང་གསར་སྤེལ་བེད་སྤྱོད་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་།    ཚྭ་མཚོའི་ཐོན་ཁུངས་ཀྱི་བདེ་འཇགས་འགན་ལེན་བྱེད་པ།    སྤུས་ཚད་མཐོ་བའི་ཐོན་སྐྱེད་ནུས་ཤུགས་མགྱོགས་མྱུར་ཆགས་པ་བཅས་བྱས་ནས་ཚྭ་མཚོའི་ཐོན་ལས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་ཡིན།     《སྲོལ་ཡིག》དེར་ཁྱོན་ལེའུ་བདུན་དང་དོན་ཚན43ཡོད་པའི་ནང་སྤྱིའི་རྩ་དོན་དང་།    སྐྱེ་ཁམས་སྲུང་སྐྱོང་།    ལྗང་མདོག་འཕེལ་རྒྱས།    ཚན་རྩལ་གསར་གཏོད།    རྒྱུ་རྐྱེན་གཙོ་བོ་བཀོད་སྒྲིགཞབས་ཞུ་འགན་ལེན།    ཞར་བྱུང་བཅས་ཚུད་ཡོད་པ་དང་ཚྭ་མཚོའི་ཐོན་ལས་འཕེལ་རྒྱས་ཀྱི་ཕྱོགས་ཚང་མར་ཁྱོན་ཡོངས་ནས་ཁྱབ་ཡོད།     

《སྲོལ་ཡིག》ནང་ཚྭ་མཚོའི་ཐོན་ཁུངས་ནི་རྒྱལ་ཁབ་ཀྱི་འཐབ་ཇུས་རང་བཞིན་གྱི་ཐོན་ཁུངས་ཤིག་ཡིན་པས་ངེས་པར་དུ་སྣོད་བཅུད་སྲུང་སྐྱོང་ཨང་དང་པོར་འཇོག་པའི་རྩ་དོན་མཐའ་འཁྱོངས་བྱེད་དགོས།     《སྲོལ་ཡིག》ནང་ལྗང་མདོག་འཕེལ་རྒྱས་ཐད་བླང་བྱ་རབ་དང་རིམ་པ་བཏོན་པ་དཔེར་ན།    ཚྭ་མཚོའི་ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད་དང་ཚན་རིག་དང་མཐུན་པའི་བཀོད་སྒྲིག་ལ་སྐུལ་འདེད་གཏོང་བ་དང་།    ཚྭ་མཚོའི་ཐོན་ཁུངས་སྔོག་འདོན་ཚུར་སྡུད་བྱེད་ཚད་དང་།    གཏེར་འདེམས་ཚུར་སྡུད་ཚད།    ཕྱོགས་བསྡུས་ཚུར་སྡུད་བྱེད་ཚད་བཅས་མཐོ་རུ་གཏོང་བ།    ལྗང་མདོག་རྩད་ཞིབ་ལག་རྩལ་ཁྱབ་གདལ་བེད་སྤྱོད་ལ་ཤུགས་སྣོན་བྱེད་པ།    ཚྭ་མཚོའི་ཁེ་ལས་ཀྱིས་ལྗང་མདོག་ཐོན་རྫས་གསར་སྤེལ་དང་།    ལྗང་མདོག་བཟོ་གྲྭ་འཛུགས་སྐྲུན།    ལྗང་མདོག་ཐོན་ལས་སྦྲེལ་ཐག་གཏོད་པ་བཅས་ལ་ལྕག་སྐུལ་བྱ་རྒྱུ་དེ་རེད།     《སྲོལ་ཡིག》ནང་ཚྭ་མཚོའི་ཁེ་ལས་དེ་ནུས་རྒྱུ་གསར་པ་དང་རྒྱུ་ཆ་གསར་པ་སོགས་ཐོན་ལས་དང་མཉམ་འདྲེས་ངང་འཕེལ་རྒྱས་བཏང་ནས་ཐོན་ཁུངས་ཕན་གསབ་དང་ཐོན་ལས་མཉམ་འདྲེས་ཀྱི་ཐོན་ལས་ཁྱུ་ཚོགས་ཤིག་ཆགས་པ་བྱ་རྒྱུའི་སྐུལ་ལྕག་བྱས་ཡོད།     

ཚན་རྩལ་གསར་གཏོད་ནི་ཚྭ་མཚོའི་ཐོན་ལས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་ལྟེ་བའི་རྒྱུ་རྐྱེན་ཞིག་ཡིན།     《སྲོལ་ཡིག》ནང“ཚན་རྩལ་གསར་གཏོད”ཀྱི་ཆེད་སྒྲིག་ལེའུ་བཟོས་ནས་ཚྭ་མཚོའི་ཐོན་ལས་ཚན་རྩལ་གསར་གཏོད་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་ཚྭ་མཚོའི་ཁེ་ལས་ཀྱིས་མཐོ་སློབ་དང་ཚན་ཞིབ་ཁང་དང་སུའོ་སོགས་དང་མཉམ་འབྲེལ་ཐོག་ཐོན་ལས་ཀྱི་ཐུན་མོང་རང་བཞིན་གྱི་ལག་རྩལ་ཞིབ་འཇུག་གསར་སྤེལ་དང་འགག་རྩའི་ལྟེ་བའི་ལག་རྩལ་འགག་སྒྲོལ་ལ་རྒྱབ་སྐྱོར་བྱས་ཏེ་ཚན་རྩལ་གསར་གཏོད་ནུས་པ་ཆེ་རུ་གཏོང་དགོས་པའི་ནན་བཤད་བྱས་ཡོད།     《སྲོལ་ཡིག》ནང་ཚྭ་མཚོའི་ཐོན་ལས་གྲངས་གཞི་ཅན་དུ་སྒྱུར་རྒྱུར་སྐུལ་འདེད་བཏང་བ་དང་རིག་ལྡན་ཚྭ་མཚོའི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ཞིང་།     རྒྱུ་རྐྱེན་གཙོ་བོའི་བཀོད་སྒྲིག་ཐད《སྲོལ་ཡིག》ནང་ཚྭ་མཚོའི་ཐོན་ལས་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་གཏོང་བའི་ས་སྤྱོད་དང་།    ཆུ།    ཤེས་ལྡན་མི་སྣ།    དངུལ་རྩ་སོགས་རྒྱུ་རྐྱེན་གཙོ་བོའི་འགན་ལེན་ལས་འགན་ཁ་གསལ་བཏོན་ཏེ་རྒྱུ་རྐྱེན་གཙོ་བོར་བརྟེན་ནས་འགན་ལེན་བྱེད་པའི“བརྟན་པོ”འགན་ལེན་བྱེད་པ་དང་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།     

《སྲོལ་ཡིག》བཏོན་པ་དེས་མཚོ་སྔོན་ཞིང་ཆེན་གྱི་ཚྭ་མཚོའི་ཐོན་ལས་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་བཅའ་ཁྲིམས་ཀྱི་འགན་ལེན་བྱུང་བ་དང་ཁྲིམས་སྐྱོང་གི་རྩ་བ་བརྟན་གཏོང་དང་།    སྔོན་དཔག་བརྟན་གཏོང་།    ཕུགས་ལ་ཕན་པ་བཅས་ཀྱི་འགན་ལེན་ནུས་པ་འདོན་སྤེལ་ཐུབ་རྒྱུ་རེད།     མཚོ་སྔོན་གྱི་ཚྭ་མཚོའི་ཐོན་ལས་ཀྱིས་ཀྱང་ཀྲུང་གོའི་རྣམ་པའི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཁྲོད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་ཐུབ་ངེས་རེད་ཅེས་བཤད།     

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།