ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན་གྱིས་མཚོ་སྔོན་པོའི་འབབ་རྒྱུད་ཀྱི་རི་ཆུའི་བཟོ་འགོད་ལག་བསྟར་ཇུས་གཞི་སྒྲིག་བཟོ་བྱ་བར་ཧུར་ཐག་གིས་སྐུལ་འདེད་བཏང་།

ཡོང་ཁུངས། རྒྱང་སྒྲོག་བརྙན་འཕྲིན་ཁང་།

ཉེ་ལམ། མཚོ་སྔོན་ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན་གྱིས《མཚོ་སྔོན་པོའི་འབབ་རྒྱུད་ཀྱི་རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་ཐང་བྱེ་ས་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་ཉམས་གསོའི་བཟོ་འགོད་ལག་བསྟར་ཇུས་གཞི》 སྒྲིག་བཟོ་བྱ་བར་རྩ་འཛུགས་བྱས་ནས་སྤེལ་ཞིང་།  དམིགས་ཡུལ་ནི་མཚོ་སྔོན་པོའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་ཉམས་གསོ་བྱེད་ཤུགས་ཆེ་རུ་བཏང་སྟེ།  སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་འགྲོ་བ་དང་མི་དམངས་མང་ཚོགས་ཀྱི་འཚོ་བ་རྒྱུན་མཐུད་ངང་ཇེ་བཟང་དུ་འགྲོ་བར་འགན་སྲུང་བྱེད་པ་དང་།  འབབ་རྒྱུད་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་རེད།

ཤེས་རྟོགས་བྱུང་བ་ལྟར་ན། ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན་གྱིས་མཚོ་སྔོན་པོའི་རི་ཆུའི་བཟོ་འགོད་ལག་བསྟར་ཇུས་གཞི་སྒྲིག་བཟོའི་དུས་འགོའི་བྱ་བ་ཧུར་ཐག་གིས་སྤེལ་བ་དང་། མཚོ་སྔོན་པོའི་འབབ་རྒྱུད་ཀྱི་རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་ཐང་བྱེ་མ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་ཉམས་གསོའི་བཟོ་འགོད་ལག་བསྟར་ཇུས་གཞི་སྒྲིག་བཟོ་བྱ་བའི་སྦྲེལ་མཐུད་ཚོགས་འདུ་འཚོགས་ཏེ།  འབྲེལ་ཡོད་སྡེ་ཁག་གིས་ལག་བསྟར་ཇུས་གཞི་སྒྲིག་བཟོ་བྱེད་པའི་ཁྲོད་ཡུལ་དངོས་ནས་རྩད་ཞིབ་བྱེད་པ་ཁྱོན་ཡོངས་ལ་ཁྱབ་པ་དང་། དཔྱད་ཡིག་བསྡུ་རུབ་ཆ་ཚང་བ། སྐྱེ་ཁམས་གནད་དོན་ལ་བརྟག་དཔྱད་གནད་ལ་འཁེལ་བ། སྐྱེ་ཁམས་ཉམས་གསོའི་ཚན་པ་ཚན་རིག་དང་མཐུན་པ། ཇུས་གཞི་མཚོ་སྔོན་གྱི་དོན་དངོས་དང་མཐུན་པ་བཅས་བྱེད་དགོས་པ་དང་། ཧུར་ཐག་གིས་འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་དང་འབྲེལ་མཐུད་མཉམ་ལས་བྱེད་པ་དང་།  སྒྲིག་བཟོ་ལས་ཁུངས་ལ་རྨང་གཞིའི་དཔྱད་ཡིག་འཚོལ་སྡུད་བྱེད་པར་རོགས་རམ་ཅི་ཐུབ་བྱེད་པ་མ་ཟད་ལས་རིགས་ཁྱབ་ཁོངས་ཀྱི་ཆེད་མཁས་པ་རྩ་འཛུགས་བྱས་ཏེ་ལག་བསྟར་ཇུས་གཞི་སྒྲིག་བཟོ་དང་། རིགས་པས་ཁུངས་སྐྱེལ། ཞིབ་བཤེར་བཅས་ཀྱི་བྱ་བར་ཧུར་ཐག་གིས་གཞོགས་འདེགས་བྱེད་དགོས་པ། འབྲེལ་ཡོད་སྡེ་ཁག་གིས་མཐུན་སྦྱོར་དང་ལྟ་སྐུལ་གྱི་ནུས་པ་འདོན་སྤེལ་ཏན་ཏིག་དང་། བྱ་བའི་རྩིས་ཐོ་བཟོ་བ་དང་འཐུས་ཚང་དུ་གཏོང་བ། ལས་འགན་གྱི་ཞིབ་ཐོ་འདོན་པ། འབྲེལ་གཏུག་དང་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། བྱ་བའི་དམིགས་འབེན་དང་ལས་འགན་སྣ་ཚོགས་དུས་བཀག་ལྟར་ཡོངས་འགྲུབ་བྱེད་པར་འགན་ལེན་ཏན་ཏིག་བྱེད་དགོས་པ། འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་དང་འབྲེལ་མཐུད་ལེགས་པོ་བྱེད་པའི་རྨང་གཞིའི་ཐོག་བྱ་བའི་ལས་ཆོད་དངོས་གནས་ཆེ་རུ་གཏོང་བ་དང་། གཏན་ལ་ཕབ་པའི་དུས་ཚོད་ཀྱི་གོ་རིམ་ལྟར་མཚོ་སྔོན་པོའི་འབབ་རྒྱུད་ཀྱི་རི་ཆུའི་བཟོ་འགོད་ལག་བསྟར་ཇུས་གཞི་སྒྲིག་བཟོ་བྱ་བ་སྤུས་ཚད་མཐོ་བའི་ངང་ཡོངས་འགྲུབ་བྱས་ཏེ།  ཟླ9པའི་ཟླ་མཇུག་གི་སྔོན་ལ་ལས་གཞིའི་དཔྱད་ཡིག་བསྡུ་རུབ་དང་ཕྱི་ཕྱོགས་ལས་དོན་ལ་བརྟག་དཔྱད་ཞིབ་འཇུག་བྱེད་པའི་བྱ་བ་ཕྱོགས་ཡོངས་ནས་ཡོངས་འགྲུབ་བྱེད་པར་བརྩོན་ལེན་བྱེད་པ་དང་། ཟླ10པའི་ཟླ་མཇུག་གི་སྔོན་ལ་ལག་བསྟར་ཇུས་གཞིའི་མ་ཟིན་ཡོངས་འགྲུབ་བྱས་ཏེ་ཟླ11པའི་ཟླ་མཇུག་གི་སྔོན་ལ་ཁུལ་སོ་སོ་དང་སྡེ་ཁག་སོ་སོའི་བསམ་འཆར་བསྡུ་ལེན་བྱེད་པ་མ་ཟད་སྔར་ལས་འཐུས་ཚང་དུ་བཏང་རྗེས། ཆེད་མཁས་པས་རིགས་པས་ཁུངས་སྐྱེལ་བྱས་པ་བརྒྱུད། ཟླ12པའི་ཟླ་མཇུག་གི་སྔོན་ལ་མཇུག་མཐའི་མ་ཡིག་གྲུབ་པར་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན།

མཚོ་སྔོན་ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན་གྱི་འབྲེལ་ཡོད་འགན་འཁུར་བས་བསྟན་དོན།   མཚོ་སྔོན་པོའི་འབབ་རྒྱུད་ཀྱི་རི་ཆུའི་བཟོ་འགོད་ལག་བསྟར་ཇུས་གཞི་ཡིག་ཐོག་སྙན་ཞུ་དང་ལག་བསྟར་བྱེད་པ་དེས། མཚོ་སྔོན་པོའི་འབབ་རྒྱུད་ཀྱི་སྐྱེ་ཁམས་ནུས་པ་སྲུང་སྐྱོབ་དང་སླར་གསོ་བྱས་ནས།   མཚོ་སྔོན་གྱིས་གོམ་གང་མདུན་སྤོས་སྒོས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཕན་འབྲས་སྲ་བརྟན་དང་ཇེ་མཐོར་གཏོང་བར་སྐུལ་འདེད་བྱེད་པར་ལེགས་སྐྱེས་ཆེན་པོ་འབུལ་ངེས་རེད་ཟེར།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།