རྫ་ཆུའི་འགྲམ་དུ་མཐུན་སྒྲིལ་རོགས་རེས་ཀྱི་རོལ་དབྱངས་དཀྲོལ་བ།

ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།

ཟླ9པའི་ཟླ་མགོར། རླངས་འཁོར་ལ་བསྡད་དེ་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་དུ་ཐོན་པ་ན། མགྲོན་བསུ་སྒོ་ཆེན་སྟེང་དུ་མི་རིགས་ཀྱི་ཁྱད་ཆོས་དང་མཐུན་སྒྲིལ་མཛའ་བརྩེ་ཡི་རྣམ་པ་ཞིག་མངོན་ཡོད།

ཐོག་མར་མིག་ལམ་དུ་མངོན་པ་ནི་ནང་ཆེན་རྫོང་གི“མི་རིགས་མཐུན་སྒྲིལ་ཟམ་པ”རེད། ཟམ་པ་དེ་ནི“ཏང་འཛུགས+གསར་སྐྲུན”དང“རྟེན་གཞི+མཛེས་ལྗོངས”“རྒྱུན་འཛིན+དར་སྤེལ”སོགས་འཛུགས་སྐྲུན་འདུ་ཤེས་ཀྱིས་བསྐྲུན་པའི་རྫོང་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་རྟེན་གཞི་ཞིག་ཡིན་པས། ས་གནས་མང་ཚོགས་ཀྱིས་མཛའ་བརྩེ་ལྡན་པའི་ངང་ནས“རྩྭ་ཐང་གི་ཡལ་བ་མེད་པའི་འཇའ་ཚོན”ཞེས་འབོད་ཀྱིན་ཡོད།

ནང་ཆེན་རྫོང་ཨུའི་དྲིལ་སྒྲོག་པུའུ་ཡི་འགན་འཁུར་པས་མཚམས་སྦྱོར་བྱས་པ་ལྟར་ན། ཟམ་པ་དེས་ལོ་ངོ50ལྷག་རིང་གི་ནང་ཆེན་གྱི་རིགས་སོ་སོའི་མི་དམངས་མཐུན་སྒྲིལ་དམ་པོས་མཉམ་དུ་ཡར་རྒྱས་བྱུང་བའི་འཆམ་མཐུན་གོང་འཕེལ་གྱི་བརྒྱུད་རིམ་བདེན་དཔང་བྱས་ཡོད། ནང་ཆེན་རྫོང་དུ་མི་རིགས་མང་པོ་འདུས་སྡོད་བྱས་ཡོད་པས། བོད་རིགས་དང་རྒྱ་རིགས། ཧུའེ་རིགས། ཟ་ལར་རིགས་སོགས་རིགས་སོ་སོའི་མང་ཚོགས་རྣམས་གནས་དེ་རུ་འཆམ་མཐུན་ངང་མཉམ་གནས་བྱས་ཡོད།

མུན་རུབ་ལ་ཉེ་བའི་སྐབས་སུ། ང་ཚོ་ནང་ཆེན་རྫོང་གི་ཆེས་འདུ་འཛི་ཆེ་བའི་གནས་ཏེ་རིག་གནས་ཐང་ཆེན་དུ་ཐོན་པ་ན། རོལ་དབྱངས་སྙན་མོ་ཞིག་དང་མཉམ་དུ་རིགས་སོ་སོའི་མང་ཚོགས་རྣམས་ལག་རྡང་གཅིག་ཏུ་སྦྲེལ་ཏེ་སྐོར་བྲོ་འཁྲབ་ཀྱིན་འདུག་ལ། མི་རེ་རེའི་གདོང་ལ་དགའ་སྤྲོའི་མཛུམ་མདངས་ཀྱིས་ཁེངས་འདུག

སྟངས་སྟབས་མྱུར་བའི་ཞབས་བྲོ་ཡིས་ལུས་པོའི་ལྡེམ་མྱུར་མཚོན་པར་མ་ཟད། རིགས་སོ་སོའི་མང་ཚོགས་བར་གྱི་མཛའ་བརྩེའང་མཚོན་ཐུབ་པས། འཚོ་བར་སྤྲོ་བ་དང་བདེ་སྐྱིད་ཀྱིས་ཁེངས་ཡོད་པ་ཤེས་ཐུབ།

ནང་ཆེན་རྫོང་ཤར་མདའ་གྲོང་རྡལ་དུང་དཀར་གཡང་སྡེ་ཁུལ་དུ་བསྡད་ཡོད་པའི་ཧུའེ་རིགས་མང་ཚོགས་མ་ཧྥུ་ཕིང་རྒྱུན་དུ་གནས་འདིར་ཡོང་རྒྱུར་དགའ། 2023ལོའི་ལོ་སྟོད་དུ། མ་ཧྥུ་ཕིང་གཅིག་པོ་མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་ནས་ནང་ཆེན་དུ་ཞོར་ལས་གཉེར་དུ་ཡོང་བ་རེད། ཁོས་བཤད་རྒྱུར། “ཐོག་མར་ཡོང་དུས་ང་རང་གནས་འདིར་མི་ལོབས་པས། སྒོར་སོང་ནས་ཟ་མ་ཟ་བ་སོགས་ཀྱི་སྐབས་སུ་སྟབས་བདེ་བོ་ཞིག་མ་རེད་མོད།  འོན་ཀྱང་ངས་ས་གནས་ཀྱི་མང་ཚོགས་དང་འབྲེལ་འདྲིས་བྱེད་ཅི་ཐུབ་བྱས་པ་ན། ཁོ་ཚོ་ནི་སེམས་རྩ་དྲོ་ཞིང་བྱམས་བརྩེ་ལྡན་པའི་མི་རིགས་ཤིག་ཡིན་པ་ཤེས་བྱུང་། ལྷག་པར་ངའི་ཁྱིམ་མཚེས་ཆོས་སྐྱིད་སྒྲོལ་མས་ང་གཅིག་པོ་འདི་རུ་ཡོང་བ་ཤེས་རྗེས་རྒྱུན་དུ་ཐང་ཆེན་དུ་འཆམ་འཆམ་ལ་འགྲོ་ཞེས་འབོད་པར་མ་ཟད། ཚང་མ་དང་མཉམ་དུ་སྐོར་བྲོ་འཁྲབ་པར་སྐུལ་བས།  རིམ་གྱིས་ང་ཡང་ལུས་སྦྱོང་བྱེད་སྟངས་འདི་ལ་དགའ་བོ་བྱུང་ཞིང་། ཐང་ཆེན་ནས་ང་དང་འདྲ་བར་ཞོར་ལས་གཉེར་དུ་ཡོང་བའི་མི་མང་པོ་ཞིག་ངོ་ཤེས་པས། ནང་ཆེན་གྱི་འཚོ་བ་སྔར་ལས་ཕུན་སུམ་ཚོགས་པར་གྱུར”ཟེར།

མ་ཧྥུ་ཕིང་གིས་བཤད་པའི་ཆོས་སྐྱིད་སྒྲོལ་མ་ནི་རང་ས་རང་ཡུལ་ནས་སྐྱེས་པའི་ནང་ཆེན་གྱི་མི་ཞིག་ཡིན་ལ། དུང་དཀར་གཡང་སྡེ་ཁུལ་དུ་གནས་སྤར་ཏེ་ཕལ་ཆེར་ལོ་བཅུ་ཁ་ཞིག་འགོར་ཡོད། ཆོས་སྐྱིད་སྒྲོལ་མ་ནི་སེམས་རྩ་དྲོ་བའི་མི་ཞིག་ཡིན་ལ། སྡེ་ཁུལ་གྱི་དང་བླངས་ཞབས་ཞུ་རུ་ཁག་གི་ཁོངས་མི་ཡང་རེད།

དུང་དཀར་གཡང་སྡེ་ཁུལ་གྱི་ལས་བྱེད་པ་བཀྲ་ཤིས་རྡོ་རྗེས“ཆོས་སྐྱིད་སྒྲོལ་མས་ད་རུང་སྡེ་ཁུལ་གྱི་དྲ་མིག་པ་དང་འགལ་ཟླ་བར་འདུམ་མཁན་གྱི་འགན་ཡང་ཁུར་ཡོད་པས། ཁེར་སྡོད་རྒན་པར་བདག་སྐྱོང་བྱེད་པ་དང་མངའ་ཁོངས་ཀྱི་ཁོར་ཡུག་གཙང་སྦྲར་སྲུང་སྐྱོང་བྱེད་པ། ཁྱིམ་མཚེས་བར་གྱི་འགལ་ཟླ་སེལ་རོགས་བྱེད་པ་སོགས་ཀྱི་ཐད་ནུས་པ་མི་དམན་པ་བཏོན་ཡོད། མོ་ནི་སྡེ་ཁུལ་ལ་དགའ་ཞིང་སེམས་བསམ་པས་ཁྱིམ་མཚེས་རྣམས་ལ་ཞབས་ཞུ་བསྒྲུབས་པར་མ་ཟད། སྡེ་ཁུལ་གྱི་འཛུགས་སྐྲུན་སྣ་ཚོགས་ཁྲོད་ཞུགས་ཅི་ཐུབ་བྱས་པས། ཁྱིམ་མཚེས་རྣམས་ཀྱི་སེམས་ཁོང་གི་མཛངས་མ་ཞིག་རེད”ཟེར།

ཆོས་སྐྱིད་སྒྲོལ་མས“མི་རིགས་གང་ཞིག་ཡིན་པ་དེ་གཙོ་བོ་མིན་ལ། ཚང་མ་ཁྱིམ་ཚང་གཅིག་གི་མི་ལྟར་འགྲིག་མཐུན་ཡོང་རྒྱུ་དེ་གཙོ་བོ་རེད། མ་ཧྥུ་ཕིང་གཅིག་པོ་ཐག་རིང་ནས་གནས་འདིར་ཞོར་ལས་གཉེར་དུ་ཡོང་བས། མི་ལོབས་པ་ནི་རྒྱུན་ལྡན་ཞིག་རེད། དེ་བས་ངས་ཁོ་རང་ཁྲིད་དེ་འཆམ་འཆམ་དུ་འགྲོ་བ་དང་རང་ས་གནས་ཀྱི་ཟས་རིགས་ཞིམ་པོ་བཟའ་རུ་བཅུག་པ་ཡིན། དེ་ལྟར་བྱས་ན་སྡེ་ཁུལ་གྱི་ཁྱིམ་གཞིས་ཆེན་མོ་འདི་ལ་ལོབས་སླ་ཞིང་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་གི་དྲོད་སྐྱིད་མྱངས་ཐུབ་པས་ཕ་ཡུལ་དུ་ཡོད་པ་དང་འདྲ”ཟེར།

ཉེ་བའི་ལོ་འདི་འགར། དཔལ་འབྱོར་དང་སྤྱི་ཚོགས་བརྟན་བརླིང་ངང་གོང་དུ་འཕེལ་བ་དང་བསྟུན་ནས། ནང་ཆེན་དུ་ཡོང་ནས་ལས་ཀ་གཉེར་མཁན་ཇེ་མང་ནས་ཇེ་མང་རེད།

དུང་དཀར་གཡང་སྡེ་ཁུལ་གྱི་ཏང་ཀྲི་པུའུ་ཧྲུའུ་ཅི་དཔལ་ལྡན་རྣམ་རྒྱལ་གྱིས། “ང་ཚོའི་སྡེ་ཁུལ་གྱི་སྡོད་དམངས་རྣམས་ནི་ཡུལ་ཕྱོགས་གཞན་པ་ནས་ཡོང་བ་ཡིན་པས། མི་རིགས་མི་གཅིག་པའི་སྡོད་དམངས་ཧ་ཅང་མང་། ཐོག་མར་ཡོང་སྐབས་ཚང་མ་རྒྱུས་མེད་ཡིན་མོད། འོན་ཀྱང་ང་ཚོའི་སྡེ་ཁུལ་ནི་མི་རིགས་མཐུན་སྒྲིལ་གྱི་སྦྲེལ་ཟམ་གཙོ་བོ་ཞིག་ཡིན་པའི་ཆ་ནས། བོད་ཀྱི་ལོ་གསར་ལ་རྟེན་འབྲེལ་ཞུ་བའི་བྱ་འགུལ་དང་ཁྱད་ལྡན་སྤྲོ་ཚོགས་སོགས་དམངས་སྲོལ་བྱ་འགུལ་སྣ་ཚོགས་སྤེལ་བ་བརྒྱུད་དེ་ཚང་མ་རྒྱུས་ཡོད་དུ་བཏང་བ་ཡིན། དུས་མཚུངས་སུ‘ཁྱིམ་མཚེས་བར་གྱི་རོགས་རེས་ཚོགས་པ’བཙུགས་ཏེ། སྡེ་ཁུལ་གྱི་ཁྱིམ་ཚང80%ལ་ཁེབས་སུ་བཅུག་པས། ཚང་མས་འཚོ་བའི་དཀའ་ཁག་བསལ་བར་མ་ཟད། ཚང་མ་སེ་འབྲུའི་ཚི་གུ་བཞིན་དུ་དམ་པོར་སྦྲེལ་ཡོད། དེ་ལས་གཞན་ད་རུང་སྡེ་ཁུལ་གྱི‘མི་རིགས་གཅིག་སྦྲེལ་ས་ཚིགས’བཙུགས་ནས།  ཚང་མར་ལས་ཞུགས་ཐད་ཀྱི་ཁྲིད་སྟོན་དང་བཅའ་ཁྲིམས་ཐད་ཀྱི་རོགས་སྐྱོར་བྱེད་ཀྱིན་ཡོད། དོན་དངོས་ཀྱི་བྱེད་ཐབས་འདི་དག་གིས་ཚང་མའི་སེམས་པ་གཅིག་ཏུ་སྦྲེལ་ཏེ་ཁྱིམ་ཚང་གཅིག་ལྟར་བརྩེ་བར་གྱུར་ཡོད”ཟེར།

སེམས་འགུལ་ཐེབས་པའི་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་ནི་དུང་དཀར་གཡང་སྡེ་ཁུལ་ཁོ་ནར་བྱུང་བ་མ་ཡིན་པར། ཉེ་བའི་ལོ་འདི་འགར། ནང་ཆེན་རྫོང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་བའི་ཐད་ནས་གྲུབ་འབྲས་མི་དམན་པ་བླངས་ཡོད་དེ། སྔོན་ཐོན་ཐུན་མོང32དང་སྔོན་ཐོན་མི་སྒེར8ཡོད་པས། འགུལ་སྐྱོད་དངོས་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་གྱི་མན་ངག་ལ་འགྲེལ་བཤད་བརྒྱབ་སྟེ། མཉམ་དུ་འཆམ་མཐུན་འཕེལ་རྒྱས་ཀྱི་ལེའུ་གསར་པ་འབྲི་བཞིན་ཡོད། །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།