ཟླ 9ཚེས8ཉིན། ཞིང་ཆེན་གནམ་གཤིས་རྟོག་དཔྱོད་ཅུས་ཀྱིས་སྤེལ་བའི་གནས་ཚུལ། ཟླ8ཚེས30ཉིན་ནས་བཟུང་། ཞིང་ཆེན་གྱི་ས་གནས་སོ་སོར་ཆར་བ་ཐེངས་མང་བབས་པས།སའི་བརླན་ཚད་མཐོ་ཞིང་། རི་ཉིལ་དང་། འདམ་རྡོ་ཆུ་རུད། གྲོང་གསེབ་ཏུ་ཆུ་གསོག་པ། ཆུ་བོ་ཆེ་ཆུང་དུ་ཆུ་ལོག་རྒྱུག་པ་ལ་སོགས་པའི་ཞོར་སྐྱོན་འབྱུང་ཉེན་ཆེ།
སྔོན་དཔག་བྱས་ན། ཟླ9ཚེས8ཉིན་ནས་ཚེས9ཉིན་བར། རང་ཞིང་གི་ས་ཁུལ་མང་ཤོས་ལ་ཡ་ཡང་བསྐྱར་ཆར་བ་བབས། ཟི་ལིང་དང་། མཚོ་ཤར། མཚོ་བྱང་གི་ལྷོ་རྒྱུད། མཚོ་ལྷོའི་ལོ་རྒྱུད་ཀྱི་ས་ཆ་མང་ཤོས། རྨ་ལྷོ། མགོ་ལོག་གི་བྱང་རྒྱུད་བཅས་ལ་ཆར་ཆེ་བ་ནས་དྲག་ཆར་འབབ་རྒྱུ་དང་། ཡུལ་ཤུལ་གྱི་བྱང་རྒྱུད། མཚོ་ནུབ་ཀྱི་ཤར་རྒྱུད་བཅས་ལ་ཆར་འབྲིང་ནས་ཆེ་འབབ་རྒྱུ་སྟེ། ཚེས8ཉིན་གྱི་ས་སྲོད་དུ་གཏད་རྒྱུག་རང་བཞིན་གྱི་ཆར་བའི་བབ་དང་བསྟུན་ནས་འབབ་མགོ་བརྩམས་རྒྱུ་རེད། ཆར་བ་འབབ་པའི་དུས་ཚོད་གཙོ་བོ་ཚེས8ཉིན་གྱི་ས་སྲོད་ནས་ཚེས9ཉིན་གྱི་སྔ་དྲོའི་བར་འབབ་རྒྱུ་ཡིན་ཞིང་། དེའི་རིང་དུ་དུས་ཐུང་གི་ཆར་བ་ཆེ་ཤོས་དང་། དྲག་ཆར། སེར་བ་སོགས་གནམ་གཤིས་འབྱུང་སྲིད་པས། ཚེས9ཉིན་ཞིང་ཆེན་ཡོངས་ཀྱི་ས་ཁུལ་མང་ཤས་ཀྱི་དྲོད་ཚད་མཐོ་ཤོས་ཧྲེ་ཧྲི་ཏུའུ6ནས8མར་ཆག་རྒྱུ་དང་། ས་ཁུལ་ཁ་ཤས་སུ་ཧྲེ་ཧྲི་ཏུའུ10ཡན་མར་ཆག་རྒྱུ་རེད།
མཚོ་སྔོན་ཞིང་ཆེན་གནམ་གཤིས་རྟོག་དཔྱོད་ཅུས་ཀྱི་ཁོངས་མང་མཉམ་འདྲེས་གཞི་གྲངས་ཀྱི་ལྟ་ཞིབ་ཚད་ལེན་ལྟར་ན། ཟླ9ཚེས8ཉིན་མཚོ་སྔོན་ཞིང་ཆེན་གྱི་ཆ་སྙོམས་ཀྱི་སའི་བརླན་ཚད45.4%ལ་བསླེབས་ཤིང་། དེའི་ནང་ཟི་ལིང་གི་ས་ཁུལ་མང་ཤོས་དང་། མཚོ་ཤར་གྱི་ས་ཁུལ་མང་ཤོས། མཚོ་ནུབ་ཀྱི་ས་ཁུལ་མང་ཤོས། མཚོ་བྱང་གི་ས་ཁུལ་མང་ཤོས། མགོ་ལོག་གི་ས་ཁུལ་མང་ཤོས། རྨ་ལྷོའི་ས་ཁུལ་མང་ཤོས་སོགས་ཀྱི་སའི་བརླན་ཚད60%ལས་བརྒལ་ཡོད། ཧུང་ཀྲོང་དང་། ཧུང་ཡུན། རྟ་ཐང་། ཐེམ་ཆེན། གསེར་ཆེན། ཁྲི་ཀ། རྐང་ཚ། རྒྱ་མདོ་སོགས་ས་ཁུལ་མང་ཤོས་ཀྱི་ཡུལ་ཚོ་དང་གྲོང་རྡལ་གྱི་སའི་བརླན་ཚད70%ཡན་ལ་བསླེབས།
གནམ་གཤིས་རྟོག་དཔྱོད་སྡེ་ཚན་གྱིས་དྲན་སྐུལ་བྱས་དོན། ཐེངས་འདིའི་ཆར་བ་འབབ་ཚད་ཆེ་ཞིང་། ཉེ་ལམ་ཆར་བ་བབས་ཁུལ་དུ་ཡང་བསྐྱར་བབས་ནས་སའི་བརླན་ཚད་མཐོ་བས། ཡང་དུ་བབས་ན་རི་ཉིལ། འདམ་རྡོ་ཆུ་རུད། གྲོང་གསེབ་སུ་ཆུ་གསོག་པ། ཆུ་བོ་ཆུང་འབྲིང་ལ་ཆུ་ལོག་རྒྱུག་པ་སོགས་ཞོར་སྐྱོན་འབྱུང་ཉེན་ཆེ་བས། སྡེ་ཚན་སོ་སོས་འཕྲལ་སྡོམ་མཉམ་འགུལ་ལ་ཤུགས་བསྣན་ཏེ། དྲག་ཆར་གྱིས་གྲོང་ཁྱེར་གྱི་འཁོར་རྒྱུག་དང་། ཆུ་བེད་སྒྲིག་ཆས། འགྲིམ་འགྲུལ་སྐྱེལ་འདྲེན་སོགས་ལ་གེགས་ཆད་དང་གནོད་སྐྱོན་འབྱུང་བར་འགོག་ཟིན་ནན་མོ་དགོས་པ་མ་ཟད། ཞོད་སྐྱོན་འབྱུང་བའི་གནས་ཚུལ་དུས་ཐོག་དོ་སྣང་བྱས་ནས་ཆར་ཆུ་འབབ་རྒྱུད་ཀྱི་ཆུ་མཛོད་ལ་སྐོར་ཞིབ་ལེགས་པོ་བྱ་དགོས་ཞེས་བསྟན་ཡོད་དོ། །
རྩོམ་སྒྲིག་པ། ཁོན་ཐར་འཚོ།