ཞིང་ཆེན་ཡོངས་ཀྱི་འབྲུབ་འགོག་གནོད་སེལ་ལས་དོན་གྱི་བརྙན་ལམ་བཀོད་གཏོང་ཚོགས་འདུ་འཚོགས་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན།    ཟླ9ཚེས1ཉིན་གྱི་དགོང་མོར་ཞིང་ཆེན་ཡོངས་ཀྱི་འབྲུབ་འགོག་གནོད་འཚེ་ཇེ་ཉུང་དུ་གཏོང་བའི་བྱ་བའི་བརྙན་ལམ་བཀོད་གཏོང་ཚོགས་འདུ་འཚོགས།     ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཧྲིན་ཀྲང་ཝུའུ་ཞའོ་ཅུན་ཚོགས་འདུར་ཞུགས་ནས་གཏམ་བཤད།  ཁོང་གིས་འབྲུབ་འགོག་གེགས་སེལ་བྱ་བའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཞིང་ཆེན་ཨུ་ལྷན་གྱི་ལས་དོན་བཀོད་སྒྲིག་གཞིར་བཟུང་འབྲུབ་འགོག་བྱེད་ཐབས་ཁག་ལག་བསྟར་ཞིབ་ཕྲ་བྱས་ཏེ་ནུས་ཤུགས་ཡོད་རྒུས་འབྲུབ་འགོག་དང་།    ཉེན་ཁ་ཆེན་པོ་སེལ་བཅོས།    གནོད་འཚེ་ཆེན་པོ་གཡོལ་སྐྱོབ་བཅས་ཀྱི་རང་འགུལ་དམག་འཐབ་ཡག་པོ་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་དང་སྤྱི་ཚོགས་ཀྱི་ཁྱོན་ཡོངས་བརྟན་ལྷིང་འགན་སྲུང་བྱེད་དགོས་ཞེས་བསྟན། 

ཝུའུ་ཞའོ་ཅུན་གྱིས་བསྟན་དོན། ད་སྔར་རེས་སྐོར་གསར་པའི་ཆར་ཞོད་ཀྱི་དུས་དང་འཁེལ་ཡོད་པས། ཞིང་ཆེན་ཡོངས་ཀྱི་འབྲུབ་འགོག་དུས་བབ་ཛ་དྲག་དང་རྙོག་འཛིང་ཆེ་བར་གྱུར་ཡོད།     ས་གནས་དང་སྡེ་ཁག་ཁག་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་བ་མཐའ་འཁྱོངས་བྱས་ཏེ།    མ་མཐའི་མཚམས་ཐིག་གི་བསམ་གཞིགས་དང་མཐར་སོན་གྱི་བསམ་གཞིགས་བརྟན་འཛུགས་དང་།    དོགས་ཟོན་ཚད་མཐོན་པོ་རྒྱུན་འཁྱོངས་བྱས་ཏེ།    སྣང་ཆུང་གི་བསམ་བློ་དང་།    སྟེས་དབང་གི་བསམ་པ།    ལྷོད་གཡེང་གི་བསམ་པ་བཅངས་པའི་རིགས་མཐའ་གཅིག་ཏུ་ཁྱད་བསད་བྱས་ཏེ།    འབྱུང་སྲིད་པའི་གནས་ཚུལ་ཐལ་དྲགས་པ་ལ་གཞི་ཚུགས་ནས་ནུས་ཤུགས་ཡོད་རྒུས་ཁ་གཏད་འཇལ་དགོས་པ་དང་། “དུས་དང་རྣམ་པ་ཀུན་ཏུ་བློ་བདེ་མི་ཐུབ་པའི”འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་དེ“བྱ་བ་རེ་རེ་ཅི་ལྟར་བསྒྲུབ་པར་སེམས་ལ་ཐུབ་ངེས་པའི”སྦྱོར་བ་དངོས་ལ་བསྒྱུར་བ་དང་། གཏན་འཁེལ་རང་བཞིན་གྱི་བྱ་བ་ལ་བརྟེན་ནས་འབྲུབ་དུས་ཀྱི་ངེས་མེད་རང་བཞིན་ལ་ཁ་གཏད་འཇལ་ཏེ་བརྟན་བརླིང་དང་བདེ་འཇགས་ངང་འབྲུབ་དུས་སྐྱེལ་ཐུབ་པའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན།    

ཝུའུ་ཞའོ་ཅུན་གྱིས་བསྟན་དོན། ལྟ་ཞིབ་ཚད་ལེན་དང་སྔོན་ཚུད་ཉེན་བརྡ་གཏོང་བའི་ལམ་སྲོལ་ལག་བསྟར་ནན་པོ་བྱས་ནས། མང་ཚོགས་ལ་ཚན་རིག་དང་མཐུན་པའི་དོགས་ཟོན་དང་གནོད་འཚེའི་གནས་ཚུལ་གྱི་འཕེལ་རྒྱས་དང་འགྱུར་ལྡོག་ལ་ལྟ་ཞིབ་ནན་པོ་བྱེད་དགོས་པ་དང་།    གྲོས་མོལ་དང་ཞིབ་འཇུག་བརྡར་ཤ་གཅོད་ཤུགས་ཇེ་ཆེར་གཏོང་བ།    སྔོན་ཚུད་ཉེན་བརྡ་གཏོང་བའི་ཐེངས་གྲངས་མང་དུ་གཏོང་བ་བཅས་བྱས་ཏེ་གཞི་རིམ་གྱི་འགན་འཁུར་མི་སྣར་ཐད་ཀར་སྐྱོད་པའི་གནོད་འཚེའི་ཉེན་བརྡ་གཏོང་བའི་ལམ་སྲོལ་ལག་བསྟར་ནན་པོ་བྱས་ནས། མང་ཚོགས་ལ་ཚན་རིག་དང་མཐུན་པའི་དོགས་ཟོན་དང་གནོད་འཚེའི་ཉེན་གཡོལ་ནུས་ལྡན་བྱ་རྒྱུའི་ཁྲིད་སྟོན་བྱེད་དགོས་ཞེས་བསྟན།     ཆུ་མཛོད་དང་ཆུ་རགས་དང་།    ཟམ་པ་ཕུག་ལམ།    འཛུགས་སྐྲུན་ལས་གནས།    ཁེ་ལས་གཏེར་རི།    མཛེས་ལྗོངས་ཁུལ་གྱི་མི་སེར་སྡོད་ཁང་།    ཕྱི་རོལ་སྒར་ས།    གྲོང་གསེབ་ཀྱི་སློབ་གྲྭ།    ཚོང་འདུས་ཁྲོམ་ར།    ས་འོག་སྦུག་དྲྭ་བ།    གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཞོད་སྐྱོན་སླ་བའི་ས་ཚིགས།    ས་གཤིས་གནོད་འཚེ་དང་ཆུ་ལོག་གི་གནོད་འཚེ་འབྱུང་སླ་བའི་ཁུལ་སོགས་ས་གནས་གཙོ་བོ་དམིགས་སུ་བཟུང་ནས་ཕྱོགས་ཡོངས་ནས་སྐོར་ཞིབ་དང་ཉེན་ཁ་སེལ་བ་བྱས་ཏེ།    ཉེན་ཁ་སྔ་མོ་ནས་སྔོན་དཔག་དང་།    སྔ་མོ་ནས་ཤེས་རྟོགས།   སྔ་མོ་ཐག་གཅོད་བཅས་བྱེད་དགོས།     ཆར་ཆུ་དང་ཆུའི་གནས་ཚུལ།    བཟོ་ལས་གནས་ཚུལ།    ཉེན་ཁའི་གནས་ཚུལ།    གནོད་འཚེའི་གནས་ཚུལ།     “གཅིག་གྱུར་བཞིའི”བླང་བྱ་ལག་བསྟར་ནན་པོ་བྱེད་པ་དང་།    བདེ་འཇགས་དོགས་ཟོན་ལ་ཤུགས་སྣོན་རྒྱག་པ།    “སྒོ་རྒྱག་དང་།    མཚམས་འཇོག  ཕྱིར་འཐེན།    སྐོར་ཞིབ”བཅས་ཀྱི་བྱེད་ཐབས་འཕྲལ་ཐག་ཆོད་པོས་ལག་བསྟར་བྱས་ཏེ། ཉེན་ཁའི་ཁུལ་གྱི་མང་ཚོགས་དུས་ཐོག་ཏུ་གནས་སྤོ་བྱས་ནས་གནས་སྤོ་བྱེད་དགོས་པ་དང་།    གནས་སྤོ་བྱེད་དགོས་ན་ངེས་པར་དུ་གནས་སྤོ་བྱེད་པ།    གནས་སྤོ་བྱེད་དགོས་ན་སྔ་མོ་ནས་གནས་སྤོ་བྱེད་དགོས།

འཕྲལ་སྡོམ་འགན་སྲུང་ལ་སླར་ཡང་ཤུགས་སྣོན་དང་སྲ་བརྟན་དུ་གཏོང་བ་དང་།    མེ་གསོད་རོགས་སྐྱོབ་དཔུང་ཁག་དང་།    ཆེད་ལས་རོགས་སྐྱོབ་དཔུང་ཁག སྨན་བཅོས་འགན་སྲུང་སོགས་སྟོབས་ཤུགས་སྣ་ཚོགས་གྲ་སྒྲིག་ཐད་གཅིག་གྱུར་འཆར་འགོད་ཡག་པོ་བྱས་ཏེ་འཕྲལ་སྡོམ་དངོས་ཟོག་མགྱོགས་མྱུར་གཏོང་འདྲེན་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས་བ་དང་།    ཆུ་ཚོད24ཡི་ལས་རེས་དང་འགོ་ཁྲིད་ཀྱིས་ལས་རེས་སྣེ་ཁྲིད་ལམ་ལུགས་ལག་བསྟར་ནན་པོ་བྱས་ནས་ཉེན་ཁ་དང་གནོད་འཚེ་ཐོན་ཚེ་མྱུར་སྐྱོབ་བྱེད་ཐུབ་པའི་འགན་སྲུང་བྱེད་དགོས་པའི་བླང་བྱ་བཏོན།     ས་གནས་དང་སྡེ་ཚན་ཁག་གིས་འབྲུབ་འགོག་གེགས་སེལ་གྱི་བྱེད་པོའི་འགན་འཁྲི་ཁྱོན་ཡོངས་ནས་ལག་བསྟར་དང་།  རིམ་ཁག་འགོ་ཁྲིད་ལས་བྱེད་པས་འཐབ་ཕྱོགས་དང་པོར་ཟབ་འཇུག་དང་མདུན་ཕྱོགས་སུ་བཀོད་འདོམས་བྱས་ཏེ་ས་སྲུང་ལ་འགན་འཁྲི་ཡོད་པ་དང་།    ས་སྲུང་ལ་འགན་འཁུར་བ།    ས་སྲུང་ལ་འགན་འཁྲི་གཙང་སྒྲུབ་བྱེད་དགོས་པ་བཅས་བྱས་ཏེ་སྒྲིག་ཁྲིམས་ལྕགས་པོ་དང་སྤྱོད་ཚུལ་ནན་པོ་ལ་བརྟེན་ནས་འབྲུབ་འགོག་བྱ་བར་འགན་སྲུང་བརྟན་པོ་མཁོ་འདོན་བྱེད་དགོས།    

ཞིང་ཆེན་གནམ་གཤིས་ཅུའུ་དང་ཞིང་ཆེན་འཕྲལ་སྡོམ་དོ་དམ་ཐིང་གིས་གནམ་གཤིས་སྔོན་དཔག་དང་གནོད་འཚེ་སྔོན་འགོག་དང་ཇེ་ཉུང་གཏོང་སོགས་ཀྱི་གནས་ཚུལ་བརྡ་ཁྱབ་བཏང་བ་དང་།     ཟི་ལིང་གྲོང་ཁྱེར་དང་།    མཚོ་ཤར་གྲོང་ཁྱེར།    རྨ་ལྷོ་ཁུལ་བཅས་ཀྱིས་གཏམ་བཤད་གནང་།     

ཝང་ལིན་ཧུའུ་ཡིས་ཚོགས་འདུར་གཙོ་སྐྱོང་བྱས་ཤིང་།   ཚེ་རིང་ཐར་ཚོགས་འདུར་ཞུགས། 

རྩོམ་སྒྲིག་པ། ཁོན་ཐར་འཚོ།