ཟླ8པའི་ཚེས30ཉིན། ཚོང་དོན་པུའུ་སོགས་སྡེ་ཚན་5ཡིས་<<གློག་སྒུལ་སྦག་སྦག་རྙིང་ཚབ་གསར་བརྗེ་བྱ་རྒྱུར་སྐུལ་འདེད་གཏོང་བའི་ལག་བསྟར་ཇུས་གཞི>>ཁྱབ་བསྒྲགས་བྱས་པ་དང་།དེ་ནི་རྒྱལ་ཁབ་ཀྱིས་གློག་སྒུལ་སྦག་སྦག་རྙིང་ཚབ་གསར་བརྗེ་བྱ་རྒྱུའི་སྲིད་ཇུས་ཐོག་མར་བཏོན་པ་ཞིག་རེད།
རང་རྒྱལ་ནི་གོ་ལ་ཧྲིལ་པོའི་གློག་སྒུལ་སྦག་སྦག་ཐོན་སྐྱེད་དང་འཛད་སྤྱོད་བྱེད་མཁན་རྒྱལ་ཁབ་ཆེན་པོ་ཞིག་ཡིན་ཞིང་། མིག་སྔར་རྒྱལ་ནང་དུ་གློག་སྒུལ་སྦག་སྦག་དུང་ཕྱུར་3.5ལྷག་ཡོད་མོད། འོན་ཀྱང་ཐོན་ལས་གཅིག་བསྡུས་བྱེད་ཚད་མི་མཐོ་བ་དང་། ཁེ་ལས་ཀྱི་གསར་གཏོད་དང་ཞིབ་འཇུག་གསར་སྤེལ་བྱེད་ནུས་ཅུང་ཞན་པ། སྤུས་ཚད་འགན་སྲུང་བྱེད་ནུས་མི་འདང་བ་སོགས་ཀྱི་གནད་དོན་ཡང་འཕྲད་ཡོད། ཁེ་ལས་ཀྱི་ངོས་ནས་བརྗོད་ན། སྤུས་ཚད་དང་རིམ་པ་སྤར་དགོས་པ་དང་།སྤྱོད་མཁན་གྱི་ངོས་ནས་བཤད་ན།གསར་སྒྱུར་རབས་བརྗེ་བྱེད་དགོས། དེ་གཉིས་ཀྱིས་ཐུན་མོང་ཐོག་ཕྱོགས་གཅིག་ཏུ་སྟོན་པ་སྟེ་རྙིང་ཚབ་གསར་བརྗེའི་དུས་སུ་འཁེལ་བ་དེ་རེད།
ལས་རིགས་ཀྱི་ཚད་གཞི་འཐུས་སྒོ་ཚང་དུ་གཏོང་བ་དང་ཐོན་རྫས་ཀྱི་སྤུས་ཚད་ལེགས་སུ་གཏོང་བ། ཕྱིར་འཚོང་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་འགན་སྲུང་སྔར་ལས་ལེགས་པ་བྱེད་དགོས། དེ་བས་ལམ་ལུགས་ཇུས་འགོད་འདི་རྙིང་པའི་ཚབ་ཏུ་གསར་པ་བརྗེ་བ་ཙམ་མ་ཡིན་པར་རྙིང་ཚབ་ལེགས་བརྗེ་དང་རྙིང་ཚབ་བཟང་བརྗེ་ཞིག་ཀྱང་ཡིན་ཞེས་བཤད་ཆོག
རྙིང་པ་དབྱུག་པ་སྟབས་བདེ་ལ། གསར་པ་བརྗེ་བ་དེ་བས་ལས་སླ། རྒྱལ་ཁབ་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་ལམ་ལུགས་བཀོད་སྒྲིག་གཞིར་བཟུང་རྙིང་ཚབ་གསར་བརྗེ་བྱེད་པར་འཛད་སྤྱོད་པའི་འདོད་བློར་བརྩི་འཇོག་བྱེད་དགོས་ལ་འཛད་སྤྱོད་པར་དངོས་ཕན་ཡང་ཐོབ་པ་བྱེད་དགོས་པ་མ་ཟད། ད་དུང་བཀོལ་སྤྱོད་ཐད་དེ་བས་སྟབས་བདེ་ཡོང་བ་བྱེད་དགོས།
མིག་སྔར་རྒྱལ་ཡོངས་ས་གནས་ཁག་གིས་ཁྱིམ་སྤྱོད་གློག་ཆས་དང་རླངས་འཁོར་སོགས་ལས་རིགས་སུ་རྙིང་ཚབ་གསར་བརྗེའི་བྱ་སྤྱོད་སྤེལ་བཞིན་ཡོད།སྲིད་ཇུས་ཀྱི་དགེ་མཚན་ལྡན་པའི་སྐུལ་ཁྲིད་འོག་གསར་པ་བརྗེ་བར་ཕན་འབྲས་མངོན་གསལ་དོད་པོ་ཐོན་བཞིན་ཡོད། གསེར་དངུལ་ངོ་མ་ཁ་གསབ་བྱེད་པ་དང་ཚོང་ཟོག་གི་སྤུས་ཚད་ལེགས་པ། རིན་གོང་མིའི་བློར་བབ་པ་བཅས་བྱུང་ཚེ། འཛད་སྤྱོད་པ་རྣམས་རང་ཉིད་ལ་གསར་པ་བརྗེ་རུ་འཇུག་པ་ནས་རང་ཉིད་ཀྱིས་རང་འགུལ་ངང་གསར་པ་བརྗེ་དགོས་པའི་ཕྱོགས་སུ་སྐུལ་ཁྲིད་བྱེད་ཐུབ།
དེ་བས་གཏིང་ཟབ་པའི་སྒོ་ནས་བལྟས་ན། རྙིང་ཚབ་གསར་བརྗེ་བྱས་པ་དེས་ད་དུང་འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་དང་འཛད་སྤྱོད་ཀྱི་འདུ་ཤེས་གསར་པར་ཡང་སྐུལ་འདེད་ཐེབས་ཡོད། འཛད་སྤྱོད་དང་ཐོན་སྐྱེད་བར་དེ་བས་ལེགས་པའི་མཉམ་འགུལ་ཡོང་ཐུབ་ཚེ་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་གཏོད་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་ཕན་ནུས་གལ་ཆེན་ལྡན་ཡོད་པ་རེད། རྙིང་ཚབ་གསར་བརྗེ། ཁྱོད་ཀྱིས་བརྗེས་ཡོད་དམ། གཤམ་འོག་ནས་ལན་འཕྲིན་བཞག་ནས་མཉམ་སྤྱོད་བྱེད་པར་དགའ་བསུ་ཞུ།
རྩོམ་སྒྲིག་པ། ཁོན་ཐར་འཚོ།