མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་ཆར་ཞིང་ཆེན་སྒྲིག་ཨུ་དང་ལྟ་སྐུལ་ཨུ་ལྷན་གྱིས་དམིགས་བསྐོས་ལྟ་ཞིབ་པའི་འཚམས་འདྲི་དང་ལེན་ཟླ་བའི་བྱེད་སྒོ་གཏིང་ཟབ་སྤེལ་བ་གོ་སྐབས་སུ་བྱས་ཏེ། བྱེད་ཐབས་དང་བྱེད་སྟངས་རྒྱུན་ཆད་མེད་པར་གསར་གཏོད་དང་ལག་ལེན་གྱི་ནུས་ལྡན་ཐབས་ལམ་འཚོལ་ཞིབ་བྱས་ཤིང་། ལྟ་སྐུལ་གྱི་འགན་འཁྲི་ཨང་དང་པོ་གཙོ་གནད་ཐོག་འདོན་སྤེལ་བྱས་ནས་ཇུས་འདོན་བློ་འདྲི་དང་། སྦྲེལ་ཟུགས། གླེང་ཕྱོགས་ཁྲིད་སྟོན་བཅས་ཀྱི་འགན་ནུས་དང་འགན་འཁྲི་དངོས་སུ་བསྒྲུབ་རྒྱུར་སྐུལ་ཁྲིད་བྱས། “འགན་ནུས་བཞི”མཐུན་སྦྱོར་མཉམ་འགུལ་ལ་སྐུལ་འདེད་བཏང་ནས་སྤུས་ཚད་མཐོ་བའི་དམིགས་བསྐོས་ལྟ་ཞིབ་པའི་བྱ་བར་བརྟེན་ནས་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་དོན་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་བར་རོགས་རམ་བྱས།
ཡིག་སྐུར་ངོ་གཏུག་ཐེར་འདོན་བྱ་བ་འཇུག་སྒོ་བྱས་ཏེ། དམིགས་བསྐོས་ལྟ་ཞིབ་པ་འཚམས་འདྲིར་ཕེབས་པར་སྣེ་ལེན་དང་། ཁ་པར་ལེན་པའི་བྱ་བར་གདན་འདྲེན་ཞུས་ནས་ཕྱི་ཕྱོགས་ཀྱི་ལྟ་སྐུལ་རང་རྟོགས་ཀྱིས་དང་ལེན་བྱེད་པའི་གནད་གཙོ་བོ་ཞིག་ཏུ་བརྩིས། ཟླ7པའི་ཟླ་མགོར་དམིགས་བསྐོས་ལྟ་ཞིབ་པའི་འཚམས་འདྲི་དང་ལེན་བྱ་བའི་ཆེད་དོན་གསོ་སྦྱོང་གཉེར་ནས་འཚམས་འདྲིར་ཕེབས་པའི་ཐེར་འདོན་བདག་སྤྲོད་ཀྱི་བཀོལ་སྤྱོད་ཚད་གཞི་ངོ་སྤྲོད་ཞིབ་ཕྲ་བྱས་ཏེ་ལས་ཀའི་བརྒྱུད་རིམ་ཤེས་རྟོགས་བྱེད་རོགས་བྱས། ཟླ་བ་གཅིག་རིང་དམིགས་བསྐོས་ལྟ་ཞིབ་པ20ཁྱོན་འཚམས་འདྲི་ཐེངས33ལ་ཞུགས་པ་དང་། འཚམས་འདྲི་བྱེད་མཁན་མང་ཚོགས་ཐེངས43དང་མི་ཐེངས47ལ་སྣེ་ལེན་ཞུས་པ་དང་། མི་ཐེངས88ལ་ལན་བཞག་པར་དང་ལེན་དང་བསྐྱར་ཉན་བྱས། མང་ཚོགས་ཀྱིས་བཏོན་པའི་གནད་དོན135བདག་སྤྲོད་བྱས།
དམིགས་བསྐོས་ལྟ་ཞིབ་པས་བཅར་འདྲི་དང་ལེན་བྱེད་པའི་ལག་ལེན་དང་ཟུང་འབྲེལ་བྱས་ཏེ། ཏང་ཨུད་དང་། སྲིད་གཞུང་། མི་དམངས་འཐུས་ཚོགས་སོགས་མཉམ་འབྲེལ་ཡིག་སྐུར་ངོ་གཏུག་གི་ལས་ཀའི་ལམ་སྲོལ་འཛུགས་པ་དང་། གཞི་རིམ་གྱི་མཐའ་མཚམས་ས་ཁུལ་དང་ཟུང་དུ་འབྲེལ་ཏེ། ཡིག་སྐུར་ངོ་གཏུག་ཐེར་འདོན་དངོས་དྲིལ་བསྒྲགས་དང་། ཡིག་སྐུར་ངོ་གཏུག་ཐེར་འདོན་ཡིག་ཆ་སྒྲུབ་པར་ལྟ་སྐུལ་བྱས་པའི་ཕན་འབྲས་རྩད་འདྲི། ལྟ་སྐུལ་ཕྱིར་ལན་འཚམས་འདྲི་སོགས་ཀྱི་ཐད་ལ་བསམ་འཆར་དང་གྲོས་འགོ་དོན་ཚན15བཏོན། ཡིག་སྐུར་ངོ་གཏུག་ཁང་གིས་ཞིབ་དཔྱད་ནན་ཏན་བྱས་པ་བརྒྱུད། དོན་ཚན་རེ་རེ་བཞིན་བྱ་བའི་བྱེད་ཐབས་ཞིབ་ཚགས་སུ་བཏང་ནས་བསམ་འཆར་དང་གྲོས་འགོ་ལག་བསྟར་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་།
དམིགས་བསྐོས་ལྟ་ཞིབ་པས་བཅར་འདྲི་དང་ལེན་བྱེད་རིང་རང་ངོས་ཀྱི་ཆེད་ལས་ལེགས་ཆར་བརྟེན་ནས་ཁྲིམས་དང་གནས་ལུགས་འགྲེལ་བཤད་ཡག་པོ་བསྒྲུབ་པར་སྣང་ཆེན་བྱས་ནས་འགལ་བའི་གནད་དོན་ཐག་གཅོད་བྱེད་རོགས་བྱ་དགོས། ཁྲིམས་རྩོད་པའི་ཐོབ་ཐང་ལྡན་པའི་དམིགས་བསལ་ལྟ་ཞིབ་པ་གཉིས་ཀྱིས་འཚམས་འདྲིར་ཕེབས་པའི་མང་ཚོགས་ཀྱིས་བཏོན་པའི་གནད་དོན་ལ་ཁ་གཏད་དེ། གོ་བདེ་གོ་སླ་བའི“བཅའ་ཁྲིམས་ཀྱི་སྐད་རིགས”སྤྱད་དེ་མང་ཚོགས་ཀྱི་དོགས་གཞི་སེལ་རོགས་བྱས་པ་མ་ཟད། བཅའ་ཁྲིམས་ཀྱི་གོ་རིམ་གསལ་སྟོན་བྱས་ནས་ཡིག་སྐུར་ངོ་གཏུག་བྱེད་མཁན་མང་ཚོགས་རྣམས་ལ་དོན་དག་གསལ་བོར་ཤེས་སུ་བཅུག་ནས་ཁྲིམས་ལྟར་ལུགས་མཐུན་གྱི་ཁེ་དབང་སྲུང་སྐྱོང་བྱེད་དུ་བཅུག སྨན་བཅོས་ཁྱབ་ཁོངས་ཀྱི་དམིགས་བསྐོས་ལྟ་ཞིབ་པ་གཉིས་ཀྱིས་རྒན་གསོ་དང་། སྨན་བཅོས་འགན་སྲུང་། སྨན་བཅོས་སྐྱོབ་བཅོས་སོགས་ལ་དམིགས་ཏེ་མང་ཚོགས་ཀྱི་སྨན་པ་བསྟེན་དཀའ་བ་དང་སྨན་པ་བསྟེན་ན་རིན་གོང་མཐོ་བ་སོགས་ཀྱི་གནད་དོན་ཐག་གཅོད་ཧུར་ཐག་བྱས། ཁྲོམ་གཞུང་ལས་བྱེད་པ་དང་སྡེ་ཁུལ་ཧྲུའུ་ཅིའི་དམིགས་བསལ་བསྐོས་ལྟ་ཞིབ་པ་གསུམ་གྱིས་མང་ཚོགས་དང་རྒྱུན་གཏན་གླེང་མོལ་དང་སེམས་གཏམ་བརྗེ་རེས་བྱས་ཏེ། མང་ཚོགས་ཀྱི་དཀའ་ངལ་དང་སེམས་ཁྲལ་གྱི་གནད་དོན་ཟིན་ཐོ་ནན་ཏན་བཀོད་པ་མ་ཟད། ད་དུང་རིགས་དབྱེ་ནས་ཡིག་སྐུར་ངོ་གཏུག་ཁང་ལ་བརྒྱུད་སྤྲོད་བྱས་ཏེ་ཡིག་སྐུར་ངོ་གཏུག་གི་གོ་རིམ་ལྟར་བསྒྲུབས།
མང་ཚོགས་ཀྱིས་བཏོན་པའི་གནད་དོན་ལ་དམིགས་ཏེ་དམིགས་བསལ་བསྐོས་ལྟ་ཞིབ་པས་ཕྱོགས་གཅིག་ནས་མང་ཚོགས་ཀྱི་འབོད་སྒྲ་ནན་ཏན་གྱིས་ཉན་པ་དང་། ཕྱོགས་གཞན་ཞིག་ནས་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་བྱ་བ་ནང་ཞུགས་པའི་མྱོང་ཚོར་དངོས་དང་ཟུང་འབྲེལ་བྱས་ཏེ། ཏང་ཀྲུང་དབྱང་དང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་གསལ་འགྲེལ་ཡང་དག་བྱས་ནས། རང་ཞིང་གི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་བྱ་བའི་ཕན་འབྲས་རྒྱ་ཁྱབ་ངང་ངོ་སྤྲོད་བྱས། དུས་མཚུངས་སུ་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་གོ་བ་ལོག་སྒྲུབ་བྱས་པའི་ཕྱོགས་རེ་བའི་གཏམ་བརྗོད་ལ་དགག་པ་བརྒྱབ་ཕོད་པ་དང་། གནས་ལུགས་དང་གཞི་འཛིན་ས་ཡོད་པའི་སྒོ་ནས་དོན་དངོས་གསལ་པོ་བཟོས་པ། ཤུགས་རྐྱེན་ངན་པ་སེལ་བ། ཕྱོགས་ཞེན་དང་གོ་བ་ལོག་ལེན་སེལ་བ། བརྗོད་དོན་གཙོ་བོ་དར་སྤེལ་གཏོང་བ། དྲང་ནུས་ཁྱབ་སྤེལ་བཅས་བྱ་དགོས།
རྩོམ་སྒྲིག་པ། ཁོན་ཐར་འཚོ།