ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱིས་དཀའ་ཁག་གཉིས་ལྡན་གྱི་ཕུལ་བྱུང་ལས་བཟོ་པའི་ཁམས་གསོ་བྱ་འགུལ་སྤེལ།

ཡོང་ཁུངས། རྒྱང་སྒྲོག་བརྙན་འཕྲིན་ཁང་།

 

ཟླ7པའི་ཚེས8ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྤྱིའི་བཟོ་ཚོགས་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོའི་ཟླ6པ་ནས་ཟླ7པའི་བར། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱིས་དཀའ་ཁག་ཡོད་པའི་ས་ཁུལ་གྱི་ལས་རིགས་དཀའ་ཁག་ཅན་གཉེར་བའི་དཀའ་ཁག་གཉིས་ལྡན་གྱི་ཕུལ་བྱུང་ལས་བཟོ་པའི་ཁམས་གསོ་བྱ་འགུལ་གཅིག་སྡུད་སྒོས་སྤེལ་བ་དང་། ཞིང་ཆེན་ཡོངས་ཀྱི་དཀའ་ཁག་ཡོད་པའི་ས་ཁུལ་དང་ལས་ཡུལ་དང་པོའི་ཕུལ་བྱུང་ལས་བཟོ་པ་དང་ལས་ཞུགས་རྣམ་པ་གསར་བའི་ངལ་རྩོལ་པ་བཞི་བརྒྱ་ལྷག་བྱ་འགུལ་ལ་ཞུགས།

ཐེངས་འདིར་ལུས་གསོ་བྱ་འགུལ་སྤེལ་བའི་དམིགས་ཡུལ་ནི། ལས་བཟོ་པར་རོགས་བྱས་ནས་བྱ་བའི་གནོན་ཤུགས་ཇེ་ཡང་དུ་གཏོང་བ་དང་། ལུས་སེམས་བདེ་ལ་འབབ་པ། ལུས་པོའི་བྱང་ཚད་མཐོར་འདེགས་གཏོང་བ་དང་། ས་གནས་དཔལ་འབྱོར་གྱི་ལྗང་མདོག་འཕེལ་རྒྱས་ལ་སྔར་ལས་སྐུལ་འདེད་བཏང་སྟེ། རང་ཞིང་གི་གྲོང་གསེབ་དར་སྤེལ་དང་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས་བསྐྲུན་པར་གཞོགས་འདེགས་བྱེད་རྒྱུ་དེ་ཡིན། བྱ་འགུལ་གྱིས་གྲོང་གསེབ་དར་སྤེལ་དང་ཁྱད་ལྡན་རིག་གནས་རྒྱུད་འཛིན་བྱེད་པ་གཉིས་སྦྲེལ་མཐུད་བྱེད་པ་དང་། བསམ་པའི་སྟོབས་ཤུགས་དང་རིན་ཐང་ལྟ་བ་རྒྱུད་འཛིན་བྱེད་པ་གཉིས་སྦྲེལ་མཐུད་བྱེད་པ། ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་པ་དང་ཐོན་སྐྱེད་ནུས་ཤུགས་གསར་མའི་གཙོ་ཐིག་གསུམ་སྦྲེལ་མཐུད་བྱེད་པ་བཅས་ལ་གཞིགས་ཏེ། ལས་བཟོ་པ་རྩ་འཛུགས་བྱས་ནས་མཚོ་ཤར་གྲོང་ཁྱེར་ཕིན་ཨན་ཆུས་ཡཱོན་ཅཱ་སྡེ་བ་དང་། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་གླེ་གཞུག་སྡེ་བ། མཚོ་སྔོན་རྡུལ་ཕྲན་མཁར་གྲོང་རྗེས་དྲན་ཁང་། ཚ་རྔ་འགག་འགག་ཆུ་གློག་ས་ཚིགས་སོགས་ལ་སོང་ནས་ལྟ་སྐོར་ཉམས་ལེན་བྱས་ཤིང་། ལུས་ཁམས་གསོ་བའི་ལས་བཟོ་པར་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འགྱུར་ལྡོག་ཉམས་ལེན་བྱེད་དུ་བཅུག་པ་དང་། ཚན་རིག་པ་རྒན་གྲས་དག་གི་ཡིད་ཆེས་བརྟན་པོ་དང་སྒེར་སེམས་མེད་པར་བྱས་རྗེས་འཇོག་པའི་སྙིང་སྟོབས་ཉམས་སུ་མྱོང་དུ་བཅུག་ནས་ལས་བཟོ་པའི་མཐོང་རྒྱ་བསྐྱེད་པར་བྱས།

ཁམས་གསོའི་བྱ་འགུལ་ལ་ཞུགས་པའི་ལས་བཟོ་པ་དག་གིས་བསྟན་དོན། བྱ་འགུལ་འདིས་ཁོ་ཚོར་བརྗེ་རེས་འགྲོ་འོང་སྟེགས་བུ་འདོན་སྤྲོད་བྱས་ཤིང་། ཁོ་ཚོའི་ཐོབ་ཚོར་དང་བདེ་ཚོར་ཇེ་དྲག་ཏུ་བཏང་ནས། ཁོ་ཚོས་མཚོ་སྔོན་གྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་བའི་སྤྲོ་སེམས་སྒུལ་བར་བྱས་ཡོད་ཟེར།

རྩོམ་སྒྲིག་པ། ཨ་གཡང་སྐྱིད།