མཚོ་སྔོན་ཞིང་ཆེན་གྱིས་འགྲོ་ལམ་འགྲིམ་འགྲུལ་ཁྱབ་ཁོངས་ཀྱི་བདེ་འཇགས་དོ་དམ་ཚོད་འཛིན་བྱ་ཤུགས་སྣོན་བརྒྱབ་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན།། གསར་འགོད་པས་མཚོ་སྔོན་ཞིང་ཆེན་བདེ་འཇགས་ཨུ་ལྷན་གཞུང་ལས་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཟླ6པར་སླེབས་སྐབས་རང་ཞིང་གི་ས་ཁུལ་དང་ལས་རིགས་ཁྱབ་ཁོངས་ཁག་གཅིག་ཏུ་ལས་འཛོལ་ཐོན་མང་བ་དང་ལྷག་པར་དུ་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ལ་འགྲོ་ལམ་འགྲིམ་འགྲུལ་ལས་འཛོལ་མང་པོ་ཐོན་ཡོད། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་བྱེད་པ་དང་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་གཙོ་བོས་ངེས་པར་དུ་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་དོ་དམ་ལ་ཤུགས་སྣོན་བྱེད་པ་དང་འབྲེལ་ཡོད་མི་སྣར་དྲིལ་སྒྲོག་དང་དྲན་སྐུལ་རྒྱ་ཁྱབ་བྱས་ཏེ། བདེ་འཇགས་འདུ་ཤེས་བརྟན་པོ་ཡོང་བ་དང་བདེ་འཇགས་འགན་འཁྲི་དམ་དུ་བཏང་ནས་བདེ་འཇགས་བརྟན་ལྷིང་ཡོང་བར་འགན་སྲུང་བྱེད་དགོས་པའི་བླང་བྱ་གསལ་པོ་བཏོན་ཡོད། ཞིང་ཆེན་བདེ་འཇགས་ཨུ་ལྷན་གཞུང་དོན་ཁང་གིས་མྱུར་དུ་ལག་བསྟར་བྱས་ནས་བྱེད་ཐབས་མང་པོ་སྤྱད་དེ། འགྲོ་ལམ་འགྲིམ་འགྲུལ་ཁྱབ་ཁོངས་ཀྱི་བདེ་འཇགས་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་བརྒྱབ་སྟེ་ལས་འཛོལ་ཐོན་མང་བའི་གནས་ཚུལ་འགྱུར་ལྡོག་མཐའ་གཅིག་ཏུ་གཏང་དགོས།

ཟླ6པའི་ཚེས་27ཉིན་ཞིང་ཆེན་བདེ་འཇགས་ཨུ་ལྷན་གཞུང་དོན་ཁང་གིས་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་དང་། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་། ཞིང་ཆེན་སྤྱི་བདེ་ཐིང་འགྲིམ་འགྲུལ་ཉེན་རྟོག་སྤྱི་ཁྱབ་རུ་ཁག་གི་འབྲེལ་ཡོད་ཁྲུའུ་དང་ཁང་གི་འགན་འཁུར་བ་དང་། མཚོ་ནུབ་ཁུལ་བདེ་འཇགས་ཨུ་ལྷན་གཞུང་དོན་ཁང་། མཚོ་ལྷོ་ཁུལ་བདེ་འཇགས་ཨུ་ལྷན་གཞུང་དོན་ཁང་བཅས་ཀྱི་ལས་བགོས་འགན་འཁུར་བ་སྒྲིག་འཛུགས་བྱས་ནས་འགྲོ་ལམ་འགྲིམ་འགྲུལ་ཁྱབ་ཁོངས་ཀྱི་བདེ་འཇགས་དུས་བབ་དབྱེ་ཞིབ་ཞིབ་འཇུག་བརྡར་གཅོད་བཞུགས་མོལ་ཚོགས་འདུ་འཚོགས་ཏེ། ད་སྔའི་འགྲིམ་འགྲུལ་ལས་འཛོལ་མང་པོར་དབྱེ་ཞིབ་ནན་ཏན་དང་། གཅིག་དཔེ་གཅིག་ལན་གཅིག་ལན་བཅས་བྱས་ནས་གཙོ་གནད་དུས་མཚམས་དང་། གཙོ་གནད་ལམ་དུམ། གཙོ་གནད་རླངས་འཁོར་བཅས་ཀྱི་བདེ་འཇགས་དོ་དམ་ཚོད་འཛིན་ལས་དོན་ལ་སྔར་བས་ཞིབ་འཇུག་དང་བཀོད་སྒྲིག་བྱས།

ཞིང་ཆེན་སྤྱི་བདེ་ཐིང་དང་། ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་། ཞིང་ཆེན་འཕྲལ་སྡོམ་དོ་དམ་ཐིང་བཅས་ཀྱིས་བདེ་འཇགས་ཐོན་སྐྱེད་ཀྱི་རྩ་བ་གཅོད་འགག་སྒྲོལ་ལོ་གསུམ་གྱི་བྱ་སྤྱོད་ཀྱི་གཙོ་གནད་ལས་ཀ་དང་ཟུང་འབྲེལ་བྱས་ནས《ཡུལ་སྐོར་མཐོ་རླབས་ཀྱི་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་དོ་དམ་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བརྡ་ཐོ》མཉམ་འབྲེལ་ཐོག་པར་འགྲེམས་བྱས་ནས་ཉེན་ཁར་ཞིབ་འཇུག་དང་བརྡར་ཤ་གཅོད་ཤུགས་ཆེ་རུ་གཏོང་བ་དང་། ཉེན་ཁ་དང་མངོན་མེད་རྐྱེན་ངན་བཅོས་སྐྱོང་ཤུགས་ཆེ་རུ་གཏོང་བ། འགྲིམ་འགྲུལ་ཁྲིམས་འགལ་བཅོས་སྐྱོང་ཤུགས་ཆེ་རུ་གཏོང་བ། དྲིལ་བསྒྲགས་ཉེན་བརྡའི་སློབ་གསོ་ཤུགས་ཆེ་རུ་གཏོང་བ་སོགས་ཕྱོགས་ལྔའི་ཐད་ནས་བྱེད་ཐབས་བཙན་པོ་བཏོན་པ་དང་། མངོན་མེད་རྐྱེན་ངན་ལ་བརྟག་དཔྱད་བྱེད་པ། ཡུལ་སྐོར་ལས་རིགས་ཀྱི་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་ཉེན་ཁ་ནུས་ཤུགས་ཡོད་རྒུས་སྔོན་འགོག་དང་སེལ་བ། ལས་འཛོལ་ཚབས་ཆེན་དང་ཚབས་ཆེན་ཐོན་རྒྱུ་བཀག་འགོག་མཐའ་གཅིག་ཏུ་བྱ་རྒྱུ་བཅས་རེད།

ད་ལོ་ནས་བཟུང་འགྲོ་ལམ་འགྲིམ་འགྲུལ་ལས་འཛོལ་གྱི་གནས་ཚུལ་ལ་དབྱེ་ཞིབ་བྱས་པ་གཞིར་བཟུང་། འགྲོ་ལམ་འགྲིམ་འགྲུལ་ལས་འཛོལ་སྔོན་འགོག་གི“གྲངས་འབོར་ཉུང་གཏོང་ཚོད་འཛིན་ཆེ་བའི”ལས་དོན་བཀོད་སྒྲིག་དང་ཟུང་འབྲེལ་བྱས་ཏེ་ཞིང་ཆེན་བདེ་འཇགས་ཨུ་ལྷན་གཞུང་དོན་ཁང་གིས་ལས་འཛོལ་སྟོན་གྲངས་མངོན་གསལ་དོད་པོས་འཕར་བའི་རྫོང་(ཆུས་དང་གྲོང་ཁྱེར)11ལ་ལྟ་སྐུལ་དང་སྒྲུབ་པ་བྱས་ཏེ་འབྲེལ་ཡོད་ས་ཁུལ་གྱི་བདེ་འཇགས་སྔོན་འགོག་འགན་འཁྲི་སྔར་བས་སྲ་བརྟན་དུ་བཏང་ནས་གནམ་གཤིས་ཐལ་དྲགས་པ་དང་། འདམ་རྡོའི་རྒྱུད། རྡོ་ལྷུང་སོགས་རང་བྱུང་གནོད་འཚེའི་ཉེན་ཁ་དང་ཡུལ་སྐོར་གྱི་མཐོ་རླབས་ནང་འདྲེན་རང་བཞིན་གྱི་འགྲིམ་འགྲུལ་ཉེན་ཁ་རྩེག་སྣོན་བྱས་པ་ལས་བྱུང་བའི་ཤུགས་རྐྱེན་ངན་པ་ལ་ཁ་གཏད་ནུས་ལྡན་གཅོག་དགོས།

ད་སྔའི་ཡུལ་སྐོར་མཐོ་རླབས་ཀྱི་དུས་སུ་ཞིང་ཆེན་གཞན་པའི“ནང་འདྲེན་རྣམ་པའི”ཐག་རིང་རླངས་འཁོར་སྒེར་འཁོར་འགྲོ་སྐྱོད་དང་། ཡུལ་སྐོར་རླངས་འཁོར་བོགས་མར་གཏོང་བ། ཞིང་ཆེན་ནང་ཁུལ་གྱི་ཐག་ཐུང་འབྲིང་འགྲོ་སྐྱོད་བཅས་ལ་དམིགས་ཏེ་ཡུལ་སྐོར་ཀུང་སིའི་བདེ་འཇགས་དོ་དམ་འགན་འཁྲི་དོན་འཁྱོལ་མི་བྱེད་པ་དང་བདེ་འཇགས་གསོ་སྦྱོང་གནད་ལ་འཁེལ་མེད་པ་སོགས་ཀྱི་གནད་དོན་མངོན་གསལ་དོད་པོར་དོ་སྣང་བྱས་ནས་མཚོ་སྔོན་གྱི་ཡུལ་སྐོར་ཁེ་ལས་དང་མཚོ་སྔོན་དུ་་ཡུལ་སྐོར་འོང་བའི་ཁེ་ལས། དེ་བཞིན་རླངས་འཁོར་སྒེར་འཁོར་འགྲོ་སྐྱོད་སོགས་མི་ཚོགས་ཀྱི་བདེ་འཇགས་ལྟ་སྐུལ་དོ་དམ་དང་མཛུབ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ་བདེ་འཇགས་ཀྱི་གཙོ་གཟུགས་འགན་འཁྲི་དམ་དུ་གཏོང་དགོས། རླངས་འཁོར་གཏོང་བའི་བདེ་འཇགས་བཀག་རྒྱ་བཟོས་ནས་ངལ་དུབ་ཀྱིས་རླངས་འཁོར་གཏོང་བ་སྔོན་འགོག་ནན་པོ་བྱས་ཏེ་རླངས་འཁོར་ཞིབ་བཤེར་ཉམས་གསོ་དང་། ཁྲིམས་མཐུན་བླུགས་པ། བདེ་འཇགས་སྐྱེལ་འདྲེན་སོགས་ལྷུ་ཚིགས་གཙོ་གནད་དོ་དམ་དམ་འཛིན་མངོན་གསལ་དོད་པོས་བྱས་ནས་རླངས་འཁོར་ཁ་ལོ་བ་དང་། བདེ་འཇགས་ཞིབ་བཤེར་མི་སྣ། ཡུལ་སྐོར་སྣེ་ཤན་པ་སོགས་འགག་རྩའི་ལས་གནས་མི་སྣར་བདེ་འཇགས་སློབ་གསོ་དང་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ་བདེ་འཇགས་ངང་འགྲོ་སྐྱོད་བྱེད་པར་འགན་ལེན་ཏན་ཏིག་བྱ་དགོས།

རྩོམ་སྒྲིག་པ། ཨ་གཡང་སྐྱིད།