མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་མཐོ་སྒང་གི་གསོ་རིག་ཞིབ་འཇུག་འཕེལ་རྒྱས་དང་མཚོ་སྔོན་གྲུབ་འབྲས་སྨྱན་སྦྱོར་གྱི་བརྡ་ཁྱབ་ཚོགས་འདུ་འཚོགས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ལོ་ཙཱ་བ། གཡང་སྐྱིད།

ཟླ6པའི་ཚེས6ཉིན། མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་མཐོ་སྒང་གི་གསོ་རིག་ཞིབ་འཇུག་འཕེལ་རྒྱས་དང་མཚོ་སྔོན་གྲུབ་འབྲས་སྨྱན་སྦྱོར་གྱི་བརྡ་ཁྱབ་ཚོགས་འདུ་འཚོགས། ལོ་ངོ་བདུན་ཅུའི་རིང་ལ་འཚོལ་ཞིབ་ལག་ལེན་བྱས་པ་བརྒྱུད། མཚོ་སྔོན་ཞིང་ཆེན་གྱི་མཐོ་སྒང་གསོ་རིག་གི་ཞིབ་འཇུག་ཐད་མཐོ་སྒང་གི་ནད་གཞི་དང་། མཐོ་སྒང་རང་བཞིན་གྱི་ནད། འགོས་ནད། ཡུལ་ནད་སོགས་འགོག་བཅོས་ཀྱི་དགོས་མཁོ་རྨང་གཞིར་བྱེད་པ་དང་། ནད་ཐོག་ཉེར་སྤྱོད་ཁྲིད་སྟོན་དུ་འཛིན་པ། སྨན་བཅོས་སྒྲིག་གཞི་གཙོ་བོ། མཐུན་སྦྱོར་དྲ་རྒྱ་འདེགས་སྐྱོར་བཅས་ཀྱི་ལས་ཀའི་ལམ་སྲོལ་ཆགས་ནས་རྨང་གཞིའི་ཞིབ་འཇུག་དང་། རིག་གཞུང་སྤེལ་རེས། ཤེས་ལྡན་མི་སྣ་གསོ་སྐྱོང་། གྲུབ་འབྲས་གཞན་སྒྱུར་སོགས་ལ་མུ་མཐུད་སྐུལ་འདེད་བཏང་ནས་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་ཡོད། མིག་སྔར་མཚོ་སྔོན་ཞིང་ཆེན་ལ་ས་མཐོའི་གསོ་རིག་དང་། གསོ་རིག་རྨང་གཞིའི་སློབ་གསོ། ནད་ཡམས་ཚབས་ཆེན་འགོག་བཅོས་སོགས་ཀྱི་ཐད་སྟེགས་བུ40དང་ས་མཐོའི་གསོ་རིག་འབྲེལ་ཡོད་གཙོ་གནད་ཚོད་ལྟ་ཁང21ཡོད་པ་དང་། རང་རྒྱལ་གྱི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི4600ཡོད་པའི་ཨ་ཆེན་གངས་རྒྱབ་རི་ཐང་གི་གསོ་རིག་ཡུལ་དངོས་ཀྱི་ཞིབ་འཇུག་རྟེན་གཞི་དང་པོ་དང་མདོ་དབུས་མཐོ་སྒང་གི་མིའི་རིགས་ཀྱི་རྒྱུད་འཛིན་ཐོན་ཁུངས་ཀྱི་མ་དཔེའི་མཛོད་ཡོད།

ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི་ཝུའུ་ཐེན་དབྱིའི་སྣེ་ཁྲིད་འོག་དེ་སྔའི་མཚོ་སྔོན་ཞིང་ཆེན་མཐོ་སྒང་གི་གསོ་རིག་ཚན་རིག་ཞིབ་འཇུག་གླིང་གིས་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་མཐོ་སྒང་གི་ནད་རིགས་ཞིབ་འཇུག་གཙོ་གནད་ཚོད་ལྟ་ཁང་དང་། ཞིང་ཆེན་རིམ་པའི་མཐོ་སྒང་གི་གསོ་རིག་ཞིབ་འཇུག་ལྟེ་གནས་ཚོད་ལྟ་ཁང་བསྐྲུན་ནས་འཛམ་གླིང་ཐོག་གི་མཐོ་གནོན་དབྱང་ཁང་ཆེ་ཤོས་ཡོད་པ་དང་། དབྱང་དམའ་བའི་སྐྱེ་ཁམས་དང་མཐོ་སྒང་གི་གསོ་རིག་ཚན་རིག་ཞིབ་འཇུག་ཁྱབ་ཁོངས་ཀྱི་སྟོང་ཆ་བསྐངས་ནས་མཐོ་སྒང་གི་འཚོ་གནས་བདེ་འཇགས་ཀྱི་ཚན་རིག་མ་ལག་བསྐྲུན་ཡོད། མཚོ་སྔོན་སློབ་ཆེན་མཐོ་སྒང་གི་གསོ་རིག་ཞིབ་འཇུག་ལྟེ་གནས་ཀྱིས་མཐོ་སྒང་གི་གསོ་རིག་རབ་འབྱམས་པའི་སློབ་གནས་དང་འབུམ་རམས་པའི་སློབ་གནས་བཙུགས་ནས། མཐོ་སྒང་གི་གསོ་རིག་ཞིབ་འཇུག་ལྟེ་གནས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རིག་སྟོབས་ཀྱི་རྒྱབ་སྐྱོར་དང་འཇོན་མིའི་འདེགས་སྐྱོར་ཆེན་པོ་བྱས་ཡོད།

མཚོ་སྔོན་བོད་སྨན་ཞིབ་འཇུག་སྒྲིག་གཞིས“ལྔ་གཞི་གཅིག་ཅན”གྱི་ཞིབ་འཇུག་སྟེགས་བུ་ཆགས་ནས་ཚད་ལྡན་ཡིག་ཆ་ཞིབ་འཇུག་དང་། སྨན་འདུལ་ཞིབ་འཇུག དབྱེ་ཞིབ་ཞིབ་འཇུག ནད་ཐོག་སྨན་རྫས་ཞིབ་འཇུག་སོགས་རྟེན་གཞི་དགུ་བཙུགས་ཡོད། མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་བོད་ཀྱི་གསོ་རིགས་སྨན་ལམས་བཅོས་ཐབས་དང་བོད་ཀྱི་གསོ་རིགས་ཁྲག་གཏོང་བཅོས་ཐབས་དེ་རྒྱལ་ཁབ་ཀྱི་གཟུགས་འདས་རིག་གནས་ཤུལ་བཞག་གི་མིང་ཐོ་ནང་བཅུག་པ་དང་། སྨན་ཁང་དེ་མཚོ་སྔོན་ཞིང་ཆེན་གྱི་གཟུགས་འདས་རིག་གནས་ཤུལ་བཞག་གི“བོད་ཀྱི་གསོ་རིགས་སྨན་ལམས་བཅོས་ཐབས”“བོད་ཀྱི་གསོ་རིགས་ཁྲག་གཏོང་བཅོས་ཐབས”རྒྱུན་འཛིན་རྟེན་གཞིའི་ཁོངས་སུ་བཅུག་ནས། ཞིབ་འཇུག་གསར་སྤེལ་བྱས་པའི་སྨན་རྫས་དང་བདེ་ཐང་ཐོན་རྫས་སྣ་ཚོགས་ནད་ཐོག་དང་བདེ་སྲུང་ཐད་རྒྱ་ཁྱབ་ངང་སྤྱོད་བཞིན་ཡོད། 2023ལོའི་ཟླ9པའི་ཚེས1ཉིན《མཚོ་སྔོན་ཞིང་ཆེན་གྱི་ཐུམ་འབུའི་ནད་འགོག་བཅོས་སྲོལ་ཡིག》དངོས་སུ་ཁྱབ་བསྒྲགས་ལག་བསྟར་བྱས་ནས། མཚོ་སྔོན་དེ་རྒྱལ་ཡོངས་ཀྱི་ཐུམ་འབུའི་ནད་འགོག་བཅོས་ལས་དོན་ཐད་ཁྲིམས་འཛུགས་བྱེད་མཁན་ཞིང་ཆེན་གཅིག་པུ་རུ་གྱུར་ཏེ། ཐུམ་འབུའི་ནད་འགོག་བཅོས་ལས་དོན་ཚད་ལྡན་ཅན་དང་ཁྲིམས་སྐྱོང་ཅན་དུ་འགྱུར་བའི་འགན་སྲུང་བྱས།

སྤོ་སྒྱུར་གསོ་རིག་ཐད《མཐོ་སྒང་གི་སྤོ་སྒྱུར་གསོ་རིག་ལྟེ་གནས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ལས་དོན་ལག་བསྟར་ཇུས་གཞི》བཟོས་ནས་བཏོན་པ་དང་། ཡོའན་ཧྲི4དང་རྒྱལ་ནང་གི་མཐོ་སྒང་གི་ནད་དང་སྤོ་སྒྱུར་གསོ་རིག་ཆེད་མཁས་པ47ལས་གྲུབ་པའི་ཆེད་མཁས་པའི་ཚོགས་པ་བཙུགས་པ་དང་། ཁྱབ་ཁོངས་དབྱེ་ནས་མཐོ་སྒང་ནད་ཀྱི་ནད་ཐོག་གསོ་རིག་དང་རྨང་གཞིའི་གསོ་རིག་སོགས་ཞིབ་འཇུག་ཚོགས་པ10དང་ཞིབ་འཇུག་ཚོ་ཆུང43བཙུགས་ནས་འབྲེལ་ཡོད་ཞིབ་འཇུག་ལས་དོན་སྤེལ་ཡོད། གཞན་ཡང་ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་དང་། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན། ཞིང་ཆེན་སྨན་རྫས་ལྟ་སྐུལ་དོ་དམ་ཅུའུ་བཅས་ཀྱིས་མཉམ་འབྲེལ་ཐོག་《མཚོ་སྔོན་ཞིང་ཆེན་བོད་(སོག)སྨན་བཅོས་སྒྲིག་གཞིའི་སྨན་སྦྱོར་སྨན་བཅོས་སྨན་བཅོས་དཀར་ཆག》བཟོས་པར་འགྲེམས་བྱས་ནས་བོད(སོག)སྨན་བཅོས་སྒྲིག་གཞིའི་སྨན་ཁང་ནང་གི་སྨན་སྦྱོར་སྨན་བཅོས་སྨན་བཅོས་གཏོང་སྤྲོད་ཁྱབ་ཁོངས་སུ་བཅུག་སྟེ། རྒྱལ་ཡོངས་སུ་བོད(སོག)སྨན་བཅོས་སྒྲིག་གཞིའི་སྨན་སྦྱོར་ཚད་ལྡན་ཅན་དང་ཚད་ལྡན་ཅན་གྱི་དོ་དམ་སྔོན་ལ་མངོན་འགྱུར་བྱུང་ཡོད།

རྩོམ་སྒྲིག་པ། ཨ་གཡང་སྐྱིད།