གཅིག་སྒྲིལ་རྫོང་ཚོང་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་ཟས་རིགས་བདེ་འཇགས་ཞིབ་བཤེར་བྱས་ཏེ་སློབ་རའི་ཟས་རིགས་བདེ་འཇགས་ལ་འགན་སྲུང་བྱས།

ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།
 

ཁྱོན་ཡོངས་ནས་སློབ་རའི་ཟས་རིགས་བདེ་འཇགས་ཀྱི“འགན་འཁྲི་གཉིས”ཀྱི་བྱ་བའི་ནང་རྐྱེན་དོན་འཁྱོལ་བྱེད་པ་དང་། ཟས་རིགས་བདེ་འཇགས་ཀྱི་ཉེན་ཁ་སྔོན་འགོག་དང་ཚོད་འཛིན་ནན་མོ་བྱེད་ཆེད། ཉེ་ཆར། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་ཚོང་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་རྫོང་སྤྱི་བདེ་ཅུས་དང་རྫོང་སློབ་གསོ་ཅུས་ལ་མཉམ་འབྲེལ་བྱས་ཏེ། རང་རྫོང་གི་སློབ་ར་དང་མཐའ་འཁོར་གྱི་ཟས་རིགས་བདེ་འཇགས་ལ་ཆེད་དམིགས་ཞིབ་བཤེར་བྱེད་མགོ་བརྩམས།

གཅིག་ནས་སློབ་རའི་ཟས་རིགས་བདེ་འཇགས་ཀྱི་དོ་དམ་ལམ་ལུགས་ལ་དམིགས་ཏེ། བཅུད་ལྡན་ཟས་རིགས་སྟེར་བའི་སློབ་གྲྭར་ཁྱོན་ཡོངས་ནས་ཞིབ་བཤེར་བྱས། གཙོ་བོ་ཟས་རིགས་ཉོ་ཚོང་དང་གསོག་འཇོག སྡེབ་སྐྱེལ་བཅས་བྱས་ནས་བཅུད་ལྡན་ཟས་རིགས་ཀྱི་འཛིན་ཤོག་དང་དངོས་པོ་གཉིས་གཅིག་མཚུངས་ཡིན་མིན་དང་། མ་དཔེ་དང་ཐོ་འགོད་གཉིས་ཚད་ལྡན་ཡིན་མིན། སྡེབ་སྐྱེལ་དང་འགྲེམ་གཏོང་བྱེད་པའི་ཀུ་ཤུ་རུལ་ཡོད་མེད་སོགས་ཀྱི་གནད་དོན་ལ་ཞིབ་བཤེར་བྱས། ཟ་ཁང་ཁོར་ཡུག་གཙང་སྦྲ་དང་ཟས་རིགས་ལས་སྣོན་ལས་བཟོ། ཟས་སྣོད་གཙང་བཀྲུ་དུག་སེལ། ལས་ཞུགས་མི་སྣའི་བདེ་ཐང་དོ་དམ་དང་གསོ་སྦྱོང་སོགས་ཀྱི་ཕྱོགས་ནས་སློབ་གྲྭའི་ཟ་ཁང་དང་ཟས་སྣོད། སྒྲིག་བཀོད་སྒྲིག་ཆས། ལས་བཟོ་པ་བཅས་ལ་རྒྱུན་ལྡན་སྒོས་ཞིབ་བཤེར་བྱས། སློབ་གྲྭའི་ཟ་ཁང་དང་འབྲེལ་ཡོད་འགན་འཁུར་པས་ཟས་རིགས་བདེ་འཇགས་འདུ་ཤེས་ཇེ་མཐོར་གཏོང་བར་སྐུལ་མ་བཏང་བ་དང་། སློབ་གྲྭའི་ཟས་རིགས་བདེ་འཇགས་ཀྱི་གཙོ་གཞི་འགན་འཁུར་ནན་དཀྲི་བྱས་པར་མ་ཟད། སྣ་སོ་སོའི་ཟས་རིགས་བདེ་འཇགས་ཀྱི་དོ་དམ་ལམ་ལུགས་བཙུགས་ནས་འཐུས་ཚང་དུ་གཏོང་བ་དང་གཟབ་ནན་གྱིས་དོན་འཁྱོལ་བྱེད་པ། དུས་ཐོག་ཏུ་ཟས་རིགས་བདེ་འཇགས་ཀྱི་ཉེན་ཁ་ཤེས་རྟོགས་དང་སྔོན་འགོག་བྱས་ཏེ། དགེ་སློབ་ཀྱི་ཟས་རིགས་བདེ་ཐང་དང་བདེ་འཇགས་ལ་འགན་སྲུང་བྱས།

གཉིས་ནས་སློབ་གྲྭའི་མཐའ་འཁོར་གྱི་ཟས་རིགས་ལ་ཞིབ་བཤེར་བྱེད་པར་ཤུགས་བསྣན། མངའ་ཁུལ་གྱི་སློབ་གྲྭའི་མཐའ་འཁོར་གྱི་ཞོར་ཟས་ཚོང་ཁང་དང་ཟ་ཁང་ཆུང་ཆུང་སོགས་ལས་གཉེར་གཙོ་བོར་ཞིབ་བཤེར་བྱས། དཔང་ཡིག་མེད་པར་ལས་གཉེར་བྱེད་པ་མེད་པར་བཟོས་པ་དང་། ཚོང་རྫས་ནང་འདྲེན་བྱེད་པར་ཞིབ་བཤེར་དང་རྩིས་ལེན་བྱེད་པ། འཛིན་ཤོག་ལེན་པ། ཟོག་རིན་ཆད་འཇོག་རྩིས་ཐོ་དང་སྤུས་ཀ་འགན་ལེན་སོགས་ཀྱི་ལམ་ལུགས་དངོས་འབེབས་བྱེད་པར་སྐུལ་མ་བཏང་། “མེད་པ་གསུམ”གྱི་ཟས་རིགས་དང་རྫུན་བཟོ་སྤུས་ཞན། དུས་ཡོལ་ཟས་རིགས་སོགས་ཁྲིམས་འགལ་གྱི་ལས་གཉེར་བྱེད་པའི་བྱ་སྤྱོད་ལ་ཞིབ་བཤེར་ནན་མོ་བྱས།

གསུམ་ནས་འཁོར་སྐྱོད་ཁྲོམ་ཚོང་པའི་ལྟ་སྐུལ་དོ་དམ་ལ་ཤུགས་བསྣན། སློབ་གྲྭར་འགྲོ་བ་དང་གྲོལ་སྐབས་སློབ་གྲྭའི་མཐའ་འཁོར་གྱི་འཁོར་སྐྱོད་ཁྲོམ་ཚོང་པར་དངོས་སྡོད་ཞིབ་བཤེར་བྱས་ཏེ། ཟས་རིགས་བདེ་འཇགས་ཀྱི་གནོད་སྐྱོན་དང་དཔང་ཡིག་མེད་པའི་ལས་གཉེར་པ་མཐའ་གཅིག་ཏུ་མེད་པར་བཏང་། ལས་གཉེར་གྱི་ཆ་རྐྱེན་ལྡན་པའི་འཁོར་སྐྱོད་ཁྲོམ་ཚོང་པས་ཚོང་ཁང་གླ་བ་དང་འབྲེལ་ཡོད་ཀྱི་དཔང་ཡིག་བླངས་ཏེ་ལས་གཉེར་བྱེད་པར་སྐུལ་མ་བཏང་། བཀག་སེལ་ཟུང་འབྲེལ་སྒོས་འཁོར་སྐྱོད་ཁྲོམ་ཚོང་པའི་དོ་དམ་གནད་དོན་ཐག་གཅོད་བྱས།

སློབ་རའི་ཟས་རིགས་བདེ་འཇགས་ནི་དོན་ཆེན་ཡིན་པས། རྗེས་ཕྱོགས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་ཚོང་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་ཉིན་རྒྱུན་གྱི་ལྟ་སྐུལ་དོ་དམ་དང་མཉམ་འབྲེལ་ཞིབ་བཤེར་སོགས་ཀྱི་བྱེད་ཐབས་སྣ་ཚོགས་ལ་ཟུང་འབྲེལ་བྱེད་པ་དང་། མངའ་ཁུལ་གྱི་སློབ་གྲྭ་དང་དེ་མིན་མཐའ་འཁོར་གྱི་ཟས་རིགས་བདེ་འཇགས་ཐད་ཀྱི་ཉིན་རྒྱུན་གྱི་ཞིབ་བཤེར་ཤུགས་ཚད་ལ་རྒྱུན་མཐུད་སྒོས་ཤུགས་སྣོན་པ། སློབ་རའི་ཟས་རིགས་བདེ་འཇགས་ལ་གནོད་སྐྱོན་མེད་པར་འགན་སྲུང་བྱེད་པ། སློབ་རའི་ཟས་རིགས་བདེ་འཇགས་ཀྱི་འགོག་སྲུང་ར་བ་བརྟན་པོར་བསྐྲུན་ཏེ། སློབ་རའི་དགེ་སློབ་ཀྱི“ལྕེ་རྩེའི་བདེ་འཇགས”ལ་སྲུང་སྐྱོབ་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།