པདྨ་རྫོང་གིས་སྐབས་དྲུག་པའི་མདོག་གསུམ་པདྨའི་གངས་ལྗོངས་བོད་ཇ་འཐུ་བའི་དུས་ཆེན་སྤེལ།

ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།

མཛེས་སྡུག་གི་རི་ཀླུང་ཀུན་ཏུ་ཞིམ་མངར་ཇ་ཡི་དྲི་ཞིམ་འཐུལ། ཟླ6པའི་ཚེས6ཉིན། མཐོ་སྒང་གི་སྐྱེ་ལྡན་གངས་ལྗོངས་བོད་ཇ་ཐོན་སྐྱེད་བྱས་ཏེ་གྲོང་གསེབ་ཀྱི་ཐོན་ལས་དར་རྒྱས་ལ་རོགས་རམ་བྱེད"ཅེས་པ་བརྗོད་དོན་ཡིན་པའི་པདྨ་རྫོང་གི་སྐབས་དྲུག་པའི་གངས་ལྗོངས་བོད་ཇ་འཐུ་བའི་དུས་ཆེན་མཚོ་སྔོན་ཞིང་ཆེན་སྨར་ཁོག་ནགས་ལས་ཅུས་སུ་གཟབ་རྒྱས་ངང་མགོ་ཚུགས། སྐབས་འདིའི་ཇ་འཐུ་དུས་ཆེན་ནི་ཀྲུང་གུང་པདྨ་རྫོང་ཨུ་ཡོན་ལྷན་ཁང་དང་། པདྨ་རྫོང་མི་དམངས་སྲིད་གཞུང་། མཚོ་སྔོན་ཞིང་ཆེན་སྨར་ཁོག་ནགས་ལས་ཅུས་བཅས་ཀྱིས་གཙོ་སྒྲུབ་བྱས་ཤིང་། དྷི་མདའ་ཞང་མི་དམངས་སྲིད་གཞུང་དང་། ཀྲུང་གུང་པདྨ་རྫོང་ཨུའི་དྲིལ་བསྒྲགས་པུའུ། པདྨ་རྫོང་རིག་རྩལ་ཡུལ་སྐོར་རྒྱང་བརྙན་ཅུས་དང་།  པདྨ་རྫོང་རང་བྱུང་ཐོན་ཁུངས་ནགས་ལས་རྩྭ་ཐང་ཅུས། པདྨ་རྫོང་གངས་ལྗོངས་བོད་ཇ་ཐོན་ལས་གསར་སྤེལ་ཚད་ཡོད་འགན་འཁྲི་ཀུང་སི་བཅས་ཀྱིས་མཉམ་དུ་འགན་སྒྲུབ་བྱས་ཏེ། མགོ་ཚུགས་མཛད་སྒོ་དང་། འགྲེམས་འཚོང་ཚོགས་འདུ། ཇ་འཐུ་བའི་འགྲན་སྡུར། ཇ་བརྔོ་བའི་འགྲན་སྡུར།  བྱ་དགའ་སྟེར་བའི་མཛད་སྒོ་སོགས་བྱེད་སྒོ་རབ་དང་རིམ་པ་སྤེལ། རྫོང་རིམ་པ་གཞོན་པ་ཡན་གྱི་མགོ་ཁྲིད་ལས་བྱེད་པ་དང་། སེ་ལེ་ཐང་གྲོང་རྡལ་དང་ལྕགས་རི་ཐང་ཞང་། ཡར་ཐང་ཞང་། དྷི་མདའ་ཞང་བཅས་ཀྱི་ཏང་སྲིད་མགོ་ཁྲིད་ཚན་ཁག་དང་རྫོང་ཨུའི་སྡེ་ཁག་སོ་སོ། རྫོང་གི་ཐད་གཏོགས་ལས་ཁུངས་སོ་སོ། མང་ཚོགས་ཚོགས་པ་ཁག་གི་འགན་ཁུར་པ་གཙོ་བོ་དང་སྨར་ཁོག་ནགས་ལས་ཅུས་ཀྱི་ལས་བྱེད་ལས་བཟོ་པ། སྨྱན་སྦྱོར་གསར་འགོད་པ། རོང་འབྲོག་མང་ཚོགས་སོགས་ཁྱོན་མི300ལྷག་མཛད་སྒོར་ཞུགས། རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པ་ཆའོ་ཧྥུང་གིས་མཛད་སྒོ་ལ་མགོ་འཛིན་གནང་།

དེའི་རྗེས་སུ། མདོག་གསུམ་མའི་སྒྱུ་རྩལ་ཚོགས་པས་དེང་རབས་ཀྱི་སྒྱུ་རྩལ་དང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་ཀྱི་གླུ་གར་འཁྲབ་སྟོན་བྱས་ནས། གངས་ལྗོངས་བོད་ཇའི་རིག་གནས་དྲིལ་བསྒྲགས་དང་གསར་བརྗེའི་སྙིང་སྟོབས་དར་སྤེལ་བཏང་སྟེ་བདེ་སྐྱིད་ཀྱི་འཚོ་བར་བསྟོད་གླུ་ཕུལ་བ་དང་སྐད་གསང་མཐོན་པོའི་གླུ་སྒྲས་ཡུལ་དངོས་སུ་བྲག་ཅ་འཁོར་བ་དང་མགྲོན་པོ་རྣམས་ཀྱིས་ཇ་གསར་བའི་བྲོ་བར་རོལ་མྱོང་བྱེད་པ་དང་མཉམ་དུ་ཚང་མས་མཛད་སྒོའི་ངོ་མཚར་གྱི་རྣམ་པ་དེ་བརྙན་ཤེལ་གྱི་ཟིན་ཐོར་བཀོད་པ་རེད། མགོ་ཚུགས་མཛད་སྒོའི་རྗེས་སུ་ཇ་འཐུ་བ་དང་ཇ་བརྔོ་བའི་རྩལ་ནུས་འགྲན་སྡུར་སྤེལ་བ་དང་། སྐུ་མགྲོན་དང་མང་ཚོགས10ལས་གྲུབ་པའི་ཇ་འཐུ་བའི་ཚོགས་པ་གཉིས་མཉམ་དུ་ཇ་རར་བསྐྱོད་དེ2024ལོའི་དཔྱིད་ཇ་ཕོར་བ་དང་པོ་དེ་བཏུས་པ་རེད། བདམས་ཐོན་པ་རྣམས་ཀྱི་བདེ་ལྕག་འཁྱུག་པའི་ལག་ཟུང་གཉིས་ཀྱིས་ལྗང་མདོག་གི་ཇ་རྩེ་བཏོགས་ནས་ཇ་སླེ་ནང་བཅུག་སྟེ། སྐར་མ་ཉི་ཤུའི་རིང་གི་མཛུབ་རྩེའི་འགྲན་སྡུར་བརྒྱུད་དཔྱད་འདེམ་པ་རྣམས་ཀྱིས་གཟབ་ནན་གྱིས་དཔྱད་བསྡུར་སྒྲིག་སྲོལ་ལ་གཞིགས་ནས་ཕྱོགས་བསྡུས་ཚད་འབེབས་བྱས་ཏེ། ཨང་དང་པོ་དང་གཉིས་པ། གསུམ་པ་བཅས་ཀྱི་བྱ་དགའི་རིམ་པ་དགར། གངས་ལྗོངས་བོད་ཇ་འཐུ་བའི་འགྲན་སྡུར་མཇུག་སྒྲིལ་རྗེས་མང་ཚོགས་དྲུག་གིས་ཡུལ་དངོས་སུ་གངས་ལྗོངས་བོད་ཇ་བརྔོས་པ་དང་རྩལ་ནུས་འགྲན་སྡུར་དེ་སྤྲོ་སེམས་འཁོལ་ལ་ཞི་མཐུན་གྱི་རྣམ་པའི་ཁྲོད་སྤེལ་བ་དང་། སྐར་མ་ཉི་ཤུའི་རྗེས་ཇ་ལོའི་ནང་གི་ཆུ་རྡུལ་རིམ་བཞིན་ཇེ་ཉུང་དུ་ཕྱིན་ནས་ཇ་ཡི་དྲི་ཞིམ་ཕྱོགས་བཞིར་ཁྱབ་ཅིང་ཇ་བཟོ་བའི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་གྱིས་ཀུན་གྱི་ཡིད་དབང་འཕྲོག་པ་རེད། འགྲན་སྡུར་བྱས་པ་བརྒྱུད་ཡུལ་དངོས་ཀྱི་མགྲོན་པོ་རྣམས་ལ་རྒྱ་ཆེའི་རོང་འབྲོག་མང་ཚོགས་ཚོས་དཀའ་སྤྱད་ངལ་རྩོལ་ལ་བརྟེན་ནས་མཛེས་སྡུག་གི་འཚོ་བ་སྐྲུན་པའི་སྲོལ་རྒྱུན་གྱི་སྤྱོད་བཟང་བདེན་དཔང་བྱས་ཤིང་། ཇ་བཟོ་བའི་སྲོལ་རྒྱུན་ལག་རྩལ་སྔར་བས་ལེགས་པའི་སྒོ་ནས་སྲུང་སྐྱོང་དང་རྒྱུན་འཛིན་བྱས་ཏེ་རོང་འབྲོག་མང་ཚོགས་ཀྱི་ཧུར་བརྩོན་ཡར་སྐྱེད་ཀྱི་བསམ་པའི་ཉམས་འགྱུར་མངོན་པར་བྱས།

   མཛད་སྒོའི་ཡུལ་དངོས་སུ་རྫོང་རིམ་པའི་མགོ་ཁྲིད་ཀྱིས་སྟག་མཁར་ཞང་དང་ཡར་ཐང་ཞང་། དྷི་མདའ་ཞང་། གྲོང་གསེབ་དར་སྤེལ་ཅུས་བཅས་ཀྱི་འཐུས་མི་ལ་པདྨའི་གངས་ལྗོངས་བོད་ཇའི་ཐོན་ལས་ཀྱི་ཁེ་སྤོགས་བགོ་བཤའི་མ་དངུལ་སྤྲད་པ་རེད། །

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།