དགའ་བདེ་རྫོང་གིས་འགལ་རྩོད་འདུམ་པར་ཐབས་མང་པོ་བཏོན།

ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།

ད་ལོའི་ཚུན་ལ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་གིས་དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”རྒྱུན་འཁྱོངས་དང་འཕེལ་རྒྱས་བཏང་སྟེ། ཁྲིམས་སྐྱོང་གི་རིག་ལམ་དང་ཁྲིམས་སྐྱོང་གི་བྱེད་ཐབས་གང་ལེགས་སྒོས་སྤྱད་དེ། སྔར་ལས་ཆུ་ཚད་མཐོ་བའི་བདེ་འཇགས་དགའ་བདེ། ཁྲིམས་སྐྱོང་དགའ་བདེ་འཛུགས་སྐྲུན་བྱེད་པར་ཤུགས་འདོན་པ་དང་། “ཤུགས་སྣོན་དགོས་པ་དྲུག”གི་བྱ་བའི་ཐབས་ལམ་འཚོལ་ཞིབ་ལག་ལེན་དང་། ཕྱོགས་ཡོངས་ནས་ཞིབ་བཤེར། ཡིག་ཚགས་ལ་རིགས་དགར། གནད་ཁེལ་ཐབས་སྤྱོད་བཅས་བྱས་ཏེ། འགལ་རྩོད་ཞིབ་བཤེར་འདུམ་འགྲིག་གི་བྱ་བ་སྤེལ།

མངགས་གཏོང་དཔུང་སྡེའི་མི་སྣ་འཛུགས་སྐྲུན་ཇེ་བཟང་ལ་གཏོང་ཆེད། དགའ་བདེ་རྫོང་གིས་སྔར་ཡོད་ཀྱི་མི་དམངས་འདུམ་འགྲིག་རྩ་འཛུགས་ལས་ཁུངས་ཀྱི་འཛུགས་སྐྲུན་སྟེང་རྫོང་དང་ཞང་། སྡེ་བ་བཅས་རིམ་གསུམ་གྱི་མི་དམངས་འདུམ་འགྲིག་རྩ་འཛུགས་བཙུགས་ཤིང་། ཞང་གྲོང་གི་རིམ་པ་དང་པོའི་འདུམ་འགྲིག་ཁང་ཁྲིམས་འཛིན་ཁང་དུ་བཙུགས་ཡོད་ལ། སྤྱི་ཚོགས་འགལ་རྩོད་ཀྱི་ཆ་འཕྲིན་བསྡུ་ཉར་གསོག་འཇོག་དང་། རྙོག་དྲ་དང་དཀའ་ཁག་ཆེ་བར་ཞིབ་བཤེར་མངགས་གཏོང་དང་སྡེ་བའི་ཚན་ཆུང་གི་མི་དམངས་འདུམ་འགྲིག་གི་མཛུབ་སྟོན་བྱ་བ། རྗེས་འདེད་ལན་འདྲི་དང་འདུམ་འགྲིག་བྱས་ཟིན་པའི་འགལ་རྩོད་གྲོས་ཡིག་གི་ལག་བསྟར་གནས་ཚུལ་དང་། གནས་པའི་འགལ་རྩོད་སྣ་ཚོགས་ལ་མཉམ་འབྲེལ་སྒོས་སྔོན་འགོག་ཚོད་འཛིན་གྱི་བྱ་བ་སྒྲུབ་པ་སོགས་ལ་འགན་འཁུར་བཞིན་ཡོད།

འགལ་རྩོད་རྒྱུན་རྣམ་ཅན་གྱིས་འདུམ་འགྲིག་དག་སེལ་ནན་འཛིན་བྱེད་པའི་ཞོར་དུ། དགའ་བདེ་རྫོང་གིས་དུས་ཚིགས་རེ་ལ་གཅིག་བསྡུས་ཀྱིས་སྤྱི་ཚོགས་འགལ་རྩོད་གཅིག་གྱུར་ཞིབ་བཤེར་བྱེད་པ་རྒྱུན་འཁྱོངས་དང་། དུས་ཚོད་གཅིག་གྱུར་གྱི་ནང་ལ་མཉམ་དུ་རྩ་འཛུགས་བྱས་ནས་ལག་བསྟར་བྱེད་བཞིན་ཡོད། མཐའ་འཁོར་ས་ཆར་བརྙན་སྐྱེལ་དང་ཁ་པར། འཕྲིན་ཡིག་དང་མི་སྣ་འགྲོ་འོང་རྒྱུན་འཁྱོངས་དང་རྒྱུན་ལྡན་གྱིས་འབྲེལ་འདྲིས་དང་འབྲེལ་བ་བྱེད་བཞིན་ཡོད། འགལ་རྩོད་ཀྱི་མགོ་མཐོང་མ་ཐག་དུས་ཐོག་ཏུ་སྔ་མོ་ནས་སྔོན་འགོག་དང་སེལ་བ། སྤྱི་བདེ་དང་ཁྲིམས་ཁང་། ས་ཞིང་། ནགས་ཚལ། དམངས་སྲིད་སོགས་འབྲེལ་ཡོད་སྡེ་ཁག་གི་མཐུན་སྦྱོར་མཉམ་འབྲེལ་ལ་ཤུགས་སྣོན་དང་། མི་དམངས་འདུམ་འགྲིག་ཐོན་ཁུངས་ལེགས་སྒྲིག་དང་། འགལ་རྩོད་ཀྱི་ངོ་བོ་དབྱེ་བ་ལྟར་འགན་འཁྲི་གཙོ་བོ་གསལ་འབྱེད་དང་། ཕྱོགས་མང་པོས་མཉམ་འདྲེས་མཉམ་འབྲེལ་སྒོས་མཉམ་དུ་མཐུན་སྦྱོར་བྱས་ཏེ་འགལ་རྩོད་སོ་སོ་ཐག་གཅོད་བྱས།

དགའ་བདེ་རྫོང་གིས་དྲིལ་སྒྲོག་དང་སྔོན་འགོག དྲིལ་སྒྲོག་དང་སློབ་གསོ། དྲིལ་སྒྲོག་དང་ཁྲིམས་སྒྲོག་ལྷན་གཅིག་ལ་སྦྲེལ་བ་རྒྱུན་འཁྱོངས་དང་། ཁྲིམས་སྐྱོང་འཆད་ཁྲིད་སྤེལ་བ། ཁྲིམས་ལུགས་འདྲི་རྩད་བྱེད་ས་འཛུགས་པ། སྡེ་བ་དང་ཁྱིམ་ཚང་ལ་འགྲོ་བ་སོགས་རྣམ་པ་མང་པོས་དམངས་ཡོངས་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོར་སྤེལ་བ་དང་། མང་ཚོགས་ཀྱི་ཁྲིམས་སྐྱོང་འདུ་ཤེས་དང་རང་འགུལ་གྱིས་ཁྲིམས་སློབ་ཁྲིམས་སྤྱོད་ཁྲིམས་སྲུང་གི་བསམ་བློའི་འདུ་ཤེས་ཇེ་དྲག་ལ་གཏོང་བ་དང་། མང་ཚོགས་ལ་ཁྲིམས་ལྟར་ཁེ་དབང་སྲུང་བ། ཁྲིམས་ལྟར་ལུགས་མཐུན་གྱིས་ཁེ་ཕན་རེ་འདུན་ཕྱིར་འདོན་པར་སློབ་གསོ་ཁྲིད་སྟོན་བྱེད་པ་དང་། རྩ་བའི་སྟེང་ནས་འགལ་རྩོད་འབྱུང་བ་ཇེ་ཉུང་ལ་བཏང་བ་རེད། བྱུང་ཟིན་པའི་འགལ་རྩོད་འདུམ་འགྲིག་བྱེད་སྐབས། དགའ་བདེ་རྫོང་གིས་ས་གནས་མང་ཚོགས་རྩ་འཛུགས་བྱས་ནས་ཡུལ་དངོས་ནས་ཟུར་ཉན་དང་། དོན་དངོས་གླེང་བ། ཁྲིམས་གཞི་རྩོད་སྒྲུབ། འདུམ་འགྲིག་ཕྱོགས་གཅིག་བྱས་ན་སྡེ་བ་རེར་སློབ་གསོ་གཏོང་བ། དོ་བདག་དང་རྒྱ་ཆེའི་མང་ཚོགས་ཀྱིས་ཁྲིམས་སློབ་ཁྲིམས་སྲུང་བྱེད་པར་སློབ་གསོ་ཁྲིད་སྟོན་དང་། ཁྲིམས་མཐུན་ལུགས་མཐུན་གྱི་ཐབས་ལམ་ཡང་དག་བརྒྱུད་དེ་ཁེ་ཕན་དང་རེ་འདུན་ཡར་ཞུ་བྱས་པ་བརྒྱུད། འདུམ་འགྲིག་གི་གོ་རིམ་ནི་མང་ཚོགས་ཀྱིས་ཁྲིམས་སློབ་པའི་གོ་རིམ་ལ་འགྱུར་དུ་བཅུག་པ་རེད། །

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།