ཁྲེན་ཀང་གིས་མཚོ་སྔོན་དགེ་འོས་སློབ་ཆེན་དང་། མཚོ་སྔོན་འཕྲོད་བསྟེན་ལས་རིགས་ལག་རྩལ་སློབ་གླིང་། ཞིང་ཆེན་ཤེས་ལྡན་པའི་རྗེས་རེས་ལྟེ་གནས་བཅས་སུ་རྟོག་ཞིབ་གནང་སྐབས་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ5པའི་ཚེས23ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཁྲེན་ཀང་མཚོ་སྔོན་དགེ་འོས་སློབ་ཆེན་དང་། མཚོ་སྔོན་འཕྲོད་བསྟེན་ལས་རིགས་ལག་རྩལ་སློབ་གླིང་། ཞིང་ཆེན་ཤེས་ལྡན་པའི་རྗེས་རེས་ལྟེ་གནས་བཅས་སུ་རྟོག་ཞིབ་ཏུ་བསྐྱོད་དེ་ཆེད་དོན་ཚོགས་འདུ་བསྡུས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལས་ཞུགས་ལས་དོན་སྐོར་གྱི་རྒྱས་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་དང་། ལས་ཞུགས་སྔོན་ལ་ཕྱོགས་སྟོན་དང་། ལས་ཞུགས་ཐབས་ལམ་མུ་མཐུད་དུ་རྒྱ་ཆེར་གཏོང་བ། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་སྤུས་ཚད་མཐོན་པོའི་ལས་ཞུགས་གང་ལེགས་ཡོང་བར་སྐུལ་འདེད་བཏང་ནས། དམངས་ཚིས་ལས་གྲྭ་ཆེ་ཤོས་དང་། དམངས་སེམས་ལས་གྲྭ། རྨང་གཞིའི་ལས་གྲྭ་བཅས་དམ་འཛིན་ཏན་ཏིག་བྱ་དགོས་པ་བསྟན།

མཚོ་སྔོན་དགེ་འོས་སློབ་ཆེན་དུ་ཁྲེན་ཀང་སྔ་གཞུག་ཏུ་སློབ་གྲྭའི་ལས་བསྡུའི་ཚོགས་འདུ་དང་བསམ་བློ་ཆབ་སྲིད་ཆེད་ལས་སློབ་ཁང་དུ་བཅར་ནས་སློབ་མའི་ལས་ཞུགས་འདོད་མོས་དང་མི་སྤྱོད་ལས་ཁུངས་ཀྱིས་གན་རྒྱ་བཞག་པའི་གནས་ཚུལ་འདྲི་རྩད་བྱས་པ་དང་། བསམ་བློ་ཆབ་སྲིད་རིགས་པའི་གཞུང་ལུགས་ཀྱི་སློབ་ཚན་ལ་ཟུར་ཉན་བྱས་པ་རེད། ཞིང་ཆེན་ཤེས་ལྡན་པའི་རྗེས་རེས་ལྟེ་གནས་སུ་ཁྲེན་ཀང་གིས་ཞིང་ཆེན་ཡོངས་ཀྱི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་དང་གཞོན་ནུའི་ལས་ཞུགས་ལས་དོན་ལ་ཉན་པ་དང་། “མཚོ་སྔོནeལས་ཞུགས”ཀྱི་ཁྱད་ལྡན་སྤུས་རྟགས་དང“ཐད་གཏོང་ལས་གནས་ཁྲིད་པའི”བྱེད་སྒོ་སོགས་ཤེས་རྟོགས་བྱས་པ་རེད། མཚོ་སྔོན་འཕྲོད་བསྟེན་ལས་རིགས་ལག་རྩལ་སློབ་གླིང་དུ་ཁྲེན་ཀང་གིས“5·25”སེམས་ཁམས་བདེ་ཐང་བྱེད་སྒོའི་ཟླ་བ་སྤེལ་བའི་གནས་ཚུལ་ལ་ལྟ་ཞིབ་དང་། སློབ་མའི་དོ་དམ་ཞབས་ཞུ་དང་སློབ་བསྡུ་ལས་ཞུགས་ལས་དོན་ལ་བརྟག་ཞིབ་བྱས་པ་རེད། སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་ནི་སྤྱི་ཚོགས་ཀྱི་དབང་རྩ་དང་ཁྱིམ་ཚང་ཁྲི་སྟོང་མང་པོར་འབྲེལ་བ་ཡོད་པའི་དོན་ཆེན་ཞིག་ཡིན་པས། མཚོ་སྔོན་ལོ་རྒྱུས་སྟེང་འཕེལ་རྒྱས་ཀྱི་དུས་སྐབས་ཡག་ཤོས་སུ་གནས་པའི་གོ་སྐབས་དམ་འཛིན་བྱས་ནས། རང་འགུལ་ངང་ལས་འགུལ་སྤེལ་ཏེ་སློབ་མར་ཡང་དག་པའི་ལས་ཞུགས་ལྟ་བ་དང་ལས་འདེམས་ལྟ་བ་འཛུགས་པར་ཁྲིད་སྟོན་བྱས་ཏེ། ལས་ཞུགས་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་ཀྱི་ཤུགས་ཚད་དང་ཚད་གཞིའི་ཚད་ཆེ་རུ་གཏོང་བ། ལས་ཞུགས་མཁོ་སྤྲོད་རྒྱ་ཆེར་གཏོང་བ། ལས་གནས་སྙོམ་སྒྲིག་བྱེད་ཚད་མཐོ་རུ་གཏོང་བ། སློབ་གྲྭའི་ལས་གནས་བར་གྱི“མཐའ་མའི་སྤྱི་ལེ་གཅིག”གཏོད་པ། སེམས་ཤུགས་དང་བརྩེ་སེམས་ཀྱིས་ལས་ཞུགས་ཞབས་ཞུ་ཡག་པོ་སྒྲུབ་པ། སྤུས་ལེགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་ལས་ཞུགས་ལ་སྐུལ་འདེད་སྔར་ལས་ལེགས་པ་གཏོང་དགོས། བསམ་བློ་སྲིད་འཛིན་སློབ་ཚན་གྱི་དམིགས་སའི་རང་བཞིན་དང་ཡིད་དབང་འགུག་ཤུགས་ཆེ་རུ་གཏོང་བ་དང་། བསམ་བློ་སྲིད་འཛིན་སློབ་ཚན་གྱི་དགེ་རྒན་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་པ། སློབ་ཁྲིད་དང་ཚན་རིག་ཞིབ་འཇུག་གི་གཞི་རྩའི་རྩལ་ནུས་སྲ་བརྟན་དུ་གཏོང་བ། དགེ་རྒན་གྱི་ཀུན་སྤྱོད་དང་དགེ་རྒན་གྱི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་པ། གཞོན་ནུ་ལོ་ཆུང་རྣམས་ལ་མཚོ་སྔོན་ཤེས་པ་དང་། མཚོ་སྔོན་ལ་དགའ་བ། མཚོ་སྔོན་དར་སྤེལ་བཅས་ཡོང་བར་སློབ་གསོ་ཁྲིད་སྟོན་བཅས་བྱས་ཏེ་སློབ་སྲོལ་བཟང་པོ་དང་། སློབ་སྲོལ་གཟབ་ནན་དང་སློབ་སྲོལ་ཟབ་མོ་བཅས་ལ་བརྟེན་ནས་ཏང་བློ་བདེ་དང་། རྒྱལ་གཅེས་ལེགས་སྐྱེས་སུ་འབུལ་བ། མི་རིགས་བསྐྱར་དར་གྱི་ལས་འགན་ལྕི་པོ་འཁུར་བའི་དུས་རབས་གསར་པའི་མི་སྔར་ལས་མང་བ་གསོ་སྐྱོང་བྱ་དགོས་ཞེས་ནན་གྱིས་བསྟན།

ཆེད་དོན་ཚོགས་འདུ་ལས་ཁྲེན་ཀང་གིས་ཞིང་ཆེན་ནང་ཁུལ་གྱི་མཐོ་རིམ་སློབ་གྲྭ་ཁག་ཅིག་གི་ལས་དོན་གནས་ཚུལ་སྙན་ཞུ་ཉན་ནས། ཏང་གིས་མཐོ་རིམ་སློབ་གྲྭར་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་། ཀུན་སྤྱོད་དང་མི་གསོ་སྐྱོང་གི་རྩ་བའི་ལས་འགན་དོན་འཁྱོལ། སློབ་མའི་བསམ་བློ་སྣེ་ཁྲིད་ལ་ཤུགས་བསྣན་ནས་མཐོ་རིམ་སློབ་གྲྭའི་འདུ་ཤེས་འཛིན་སྟངས་ཀྱི་མདུན་གྲལ་གྱི་གཡུལ་ས་བརྟན་པོར་སྲུང་དགོས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་གཏིང་ཟབ་ཏུ་བཏང་ནས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་སྒྲིག་གཞིའི་འདུ་ཤེས་སློབ་མའི་སེམས་ཁམས་སུ་རྩ་བ་ཚུགས་ཏེ། མི་རིགས་སོ་སོའི་སློབ་མ་འགྲོ་འོང་རྗེས་རེས་དང་མཉམ་འདྲེས་ཡོང་བར་སྐུལ་འདེད་གཏོང་དགོས། “དུས་དང་རྣམ་པ་ཀུན་ཏུ་རིག་པ་སྒྲིམ་དགོས་པའི”འགན་འཁྲི་འཁུར་སེམས་ལ་བརྟེན་ནས་སློབ་གྲྭའི་བདེ་འཇགས་ཀྱི་མ་མཐའི་མཚམས་ཐིག་སྲུང་ཞིང་། བདེ་འཇགས་འགན་ལེན་ཆུ་ཚད་མཐོ་རུ་གཏོང་བ། སློབ་མའི་སེམས་ཁམས་བདེ་ཐང་ལ་མཐོང་ཆེན་བྱས་ཏེ། སློབ་མ་བློ་བདེ་པོའི་ངང་སློབ་སྦྱོང་དང་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་སྲུང་སྐྱོབ་བྱེད་དགོས་ཞེས་ནན་གྱི་བསྟན།

རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།