ཐིན་ཅིན་གྲོང་ཁྱེར་ཏང་སྲིད་འཐུས་ཚབ་ཚོགས་པ་མཚོ་སྔོན་ལ་རྟོག་ཞིབ་ཏུ་ཡོང་བ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། ཁོན་ཐར་འཚོ།

ཟླ 5 ཚེས 20 ཉིན་ཐིན་ཅིན་གྲོང་ཁྱེར་གྱི་ཏང་སྲིད་འཐུས་ཚབ་ཚོགས་པ་མཚོ་སྔོན་ལ་རྟོག་ཞིབ་ཏུ་ཡོང་བ་དང་འབྲེལ་ལས་དོན་སྤེལ་རེས་ཀྱི་བཞུགས་མོལ་ཚོགས་འདུ་འཚོགས་ཤིང་། ཚོགས་ཐོག་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་རབས་གསར་པར་ནུབ་རྒྱུད་གསར་སྤེལ་ཆེན་པོར་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཁ་མཐུན་རོགས་སྐྱོར་ལས་དོན་སྐོར་གྱི་གལ་ཆེའི་རྣམ་བཤད་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་ས་གནས་གཉིས་ཀྱི་མཉམ་ལས་གྲོས་མཐུན་དོན་ཐོག་ཏུ་འཁྱོལ་བར་སྔར་ལས་ལྷག་པས་སྐུལ་འདེད་བཏང་། ཐིན་ཅིན་གྲོང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་མིན་གྱིས་འདི་སྐད།  མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་དང་ཞིང་ཆེན་མི་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཁྲེན་ཀང་གིས་བཞུགས་མོལ་ཚོགས་འདུར་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། ཐིན་ཅིན་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཧྲི་ཀྲང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲེང་ཀྲང་ཝུའུ་ཞའོ་ཅུན་རྣམ་གཉིས་ནས་ཞིང་ཆེན་དང་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཁ་གཏད་རོགས་སྐྱོར་མཉམ་ལས་ཀྱི་གནས་ཚུལ་ངོ་སྤྲོད་བྱས་པ་རེད།

ཁྲེན་མེན་ཨར་གྱིས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ཚབ་ཞུས་ཏེ་མཚོ་སྔོན་གྱིས་དུས་ཡུན་རིང་པོའི་ནང་ཐིན་ཅིན་གྱི་ལས་དོན་ལ་རྒྱབ་སྐྱོར་དང་། ཐིན་ཅིན་གྱི་རོགས་སྐྱོར་ལས་བྱེད་པའི་ཤེས་ལྡན་མི་སྣར་ཐུགས་ཁུར་གནང་བར་ཐུགས་རྗེ་ཆེ་ཞུས་པ་ཡིན། ཁོས་འདི་སྐད། ད་ལོའི་ཟླ 4 ཚེས 23 ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནུབ་རྒྱུད་ཀྱི་དུས་རབས་གསར་པའི་གསར་སྤེལ་ཆེན་པོའི་ནང་གསུང་བཤད་གལ་ཆེན་གནང་བ་རེད། ནུབ་རྒྱུད་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་འཆར་འགོད་དང་ཁ་ཕྱོགས་གསལ་སྟོན་བྱས་ཡོད་པས།  མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་ལ་ཁ་མཐུན་རོགས་སྐྱོར་བྱེད་པ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་ཐིན་ཅིན་ལ་གནང་བའི་ལས་འགན་གལ་ཆེན་ཞིག་ཡིན། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཁ་མཐུན་རོགས་སྐྱོར་བྱ་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། འགན་འཁྲིའི་འདུ་ཤེས་དང་ལས་སྒྲུབ་སེམས་ཤུགས་ཆེ་རུ་བཏང་ནས་རྨ་ལྷོ་ཁུལ་ལ་མཁོ་བའི་དགོས་མཁོ་དེ་ཐིན་ཅིན་དང་ཟུང་འབྲེལ་བྱ་དགོས། ཁ་གཏད་རོགས་སྐྱོར་གྱི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་“གཏན་འཁེལ་གཉིས་”ཀྱི་ཐག་གཅོད་རང་བཞིན་ལ་གོ་བ་ཟབ་མོ་ལེན་པ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་བྱ་དགོས། ཐོན་ལས་རོགས་སྐྱོར་ལ་ཤུགས་བསྣན་ཏེ“ས་གནས་ཀྱི་ཁྱད་ལྡན་ཐོན་རྫས”ཕྱོགས་ལ་ལས་ཀ་མང་པོ་བསྒྲུབ་ནས་རྨ་ལྷོ་ཁུལ་གྱིས་ཡུལ་བབ་དང་བསྟུན་ཞིང་ཁྱད་ཆོས་ལྡན་པའི་ཐོན་ལས་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་དང་། ཞིང་ལས་ཐོན་རྫས་ཀྱི་སྤུས་རྟགས་སྔར་ལས་མང་བ་གཏོད་ནས་འཛད་སྤྱོད་རོགས་སྐྱོར་གྱི་ལམ་ནས་ཚོང་རའི་བར་སྟོང་སྔར་བས་རྒྱ་ཆེར་གཏང་དགོས། ས་གནས་གང་དེའི་ཐོན་ལས་ཀྱི་འགྲན་རྩོད་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ།  དམངས་འཚོའི་འགན་སྲུང་དང་སློབ་གསོ་དང་སྨན་བཅོས་རོགས་སྐྱོར། ངལ་ལས་རོགས་ལས། ལས་རིགས་རྩལ་ནུས་གསོ་སྦྱོང་བཅས་ལ་ཤུགས་བརྒྱབ་ནས་སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་འདེགས་ལ་རོགས་རམ་དང་། རོགས་སྐྱོར་བྱ་ཡུལ་གྱི་ངལ་རྩོལ་ནུས་ཤུགས་ལས་ཞུགས་བརྟན་པོ་ཡོང་ཐུབ་པར་སྐུལ་འདེད།  མི་དམངས་མང་ཚོགས་ཀྱི་ཐོབ་སེམས་དང་། བདེ་སྣང་། བདེ་འཇགས་ཀྱི་བསམ་པ་བཅས་ཆེ་རུ་ཏན་ཏིག་གཏོང་དགོས། རིག་སྟོབས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ། ཤེས་ལྡན་མི་སྣ་ཕན་ཚུན་བར་སྤེལ་རེས་དང་། ས་གནས་གཉིས་བར་གྱི་གསོ་སྐྱོང་སྦྱོང་བརྡར། ལས་གནས་དང་སྦྱོང་བརྡར་བྱེད་ཤུགས་ཆེ་རུ་བཏང་ནས་ཆ་སྒྲིག་པ། དགེ་ཕྲུག་ཁྲིད་པ། འགག་སྒྲོལ་དང་མཉམ་དུ་འཚར་ལོངས་ཡོང་བ་བྱ་དགོས། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་བཙུགས་ཏེ། གཅེས་སེམས་སློབ་རོགས་དང་ཆ་སྒྲིག་གཉེན་འཚོལ་དང་། སྤྱི་ཚོགས་རོགས་སྐྱོར། རིག་གནས་འགྲོ་རྒྱུག་སོགས་ཀྱི་བྱེད་སྒོ་སྤེལ་བར་བརྟེན་ནས་མི་རིགས་ཁག་གི་མང་ཚོགས་བར་འགྲོ་འོང་དང་སྤེལ་རེས་མཉམ་འདྲེས་ལ་སྐུལ་འདེད་གཏོང་དགོས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་། ལྗང་མདོག་རྩིས་ནུས། ཕྱི་ཕྱོགས་ལ་སྒོ་འབྱེད། རིག་གནས་ཡུལ་སྐོར་སོགས་ཀྱི་ཁྱབ་ཁོངས་སུ་དངོས་གཉེར་མཉམ་ལས་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་ལག་གདང་སྦྲེལ་ནས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བར་སྟོབས་ཤུགས་འབུལ་དགོས་ཞེས་བསྟན།

ཁྲེན་ཀང་གིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་། ཞིང་ཆེན་སྲིད་གཞུང་། ཞིང་ཆེན་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་བཅས་ཀྱི་ཚབ་བྱས་ནས་ཐིན་ཅིན་གྲོང་ཁྱེར་གྱི་ཏང་སྲིད་འཐུས་མི་ཚོགས་པ་དང་བཅས་པར་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས་པ་དང་། ཐིན་ཅིན་ནས་དུས་ཡུན་རིང་པོར་མཚོ་སྔོན་ལ་རྒྱབ་སྐྱོར་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས། ཁོང་གིས་རྒྱལ་ཡོངས་ཀྱི་གོང་འོག་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་རབས་གསར་པར་ནུབ་རྒྱུད་གསར་སྤེལ་ཆེན་པོར་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པའི་སྐབས་དང་། ཐིན་ཅིན་གྲོང་ཁྱེར་གྱི་ཏང་སྲིད་འཐུས་ཚབ་ཚོགས་པ་མཚོ་སྔོན་དུ་རྟོག་ཞིབ་ཏུ་ཡོང་བ་དེ་ང་ཚོར་བསླབ་བྱ་དང་ཡར་སྐུལ་ཆེན་པོ་ཐེབས། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་མཚོ་སྔོན་ཚུད་པའི་ནུབ་རྒྱུད་ས་ཁུལ་གྱི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་གནང་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་པར་བརྗིད་ཉམས་ལྡན་པའི་འཆར་གཞི་བཀོད་པ་ནང་བཞིན། མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་མཆན་བཀོད་མཛུབ་སྟོན་དང་།དེའི་དགོངས་དོན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས་ལས་དོན་ཁག་རྒྱལ་ཡོངས་ཀྱི་སྤྱིའི་བཀོད་པའི་ནང་བཞག་ནས་རྒྱལ་ཁབ་དང་། མི་རིགས། བུ་རབས་ཚ་རྒྱུད་ལ་འགན་འཁུར་བའི་རྣམ་འགྱུར་དང་། སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་། གཙང་གསུམ་ཆུ་འགོ་སྲུང་སྐྱོང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་རྒྱུན་མཐུད་ངང་གཏོད་པ། གཟུགས་ལྡན་ཚོར་བ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་ཆེར་བསྐྱེད། མི་རིགས་ཁག་བར་གྱི་འགྲོ་འོང་སྤེལ་རེས་མཉམ་འདྲེས་བཅས་ལ་སྐུལ་འདེད་བཏང་ནས་མི་རིགས་ཁག་སེ་འབྲུའི་ས་བོན་དང་འདྲ་བར་དམ་པོར་འཁྱུད་པའི་ཁྱད་ཆོས་ལྡན་པའི་ལེགས་ཆ་འདོན་སྤེལ་དང་ནུས་རྒྱུ་གཙང་མ་སོགས་ཐོན་ལས་ཀྱི་“གནས་བཞི་”ལེགས་པོར་བཏོད་དགོས། མིས་བཟོས་རིག་ནུས་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཀྱི་གོ་སྐབས་གལ་ཆེན་དམ་འཛིན་བྱས་ཏེ། ཡུལ་བབ་དང་བསྟུན་ནས་ལྗང་མདོག་གི་རྩིས་རྒྱག་ཐབས་ཀྱིས་སྣེ་ཁྲིད་བྱེད་པའི་ཐོན་སྐྱེད་ནུས་ཤུགས་གསར་པ་འཕེལ་རྒྱས་གཏོང་བ་དང་། བྱ་སྤྱོད་དངོས་ཀྱི་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་ཁུར་ལ་དྲིན་ལན་འཇལ་དགོས། ཏང་གི་འགོ་ཁྲིད་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ཀྱིས་མཚོ་སྔོན་དང་ཐིན་ཅིན་གཉིས་དམ་པོར་སྦྲེལ་པའི་ཕྱོགས་གཉིས་ཀྱི་བརྩེ་དུང་ཟབ་མོ་ནི་ཧ་ཅང་རྩ་ཆེན་ཡིན། ང་ཚོས་ཧུར་བརྩོན་དང་རང་འགུལ་གྱིས་ཞིང་ཆེན་དང་གྲོང་ཁྱེར་གཉིས་ཀྱི་མཉམ་ལས་ཀྱི་ཟབ་ཚད་དང་རྒྱ་ཆེ་ཚད་སྔོག་འདོན་བྱེད་ངེས་ཡིན། སྐྱེ་ཁམས་སྲུང་སྐྱོང་དང་། ཁྱད་ལྡན་ཐོན་ལས། སྨན་བཅོས་འཕྲོད་བསྟེན། སློབ་གསོའི་ཚན་རྩལ་སོགས་ཁྱབ་ཁོངས་སུ་དངོས་གཉེར་མཉམ་ལས་གཏིང་ཟབ་སྤེལ་ཏེ།  ཞིང་ཆེན་དང་གྲོང་ཁྱེར་གཉིས་ཀྱི་འགྲོ་འོང་སྤེལ་རེས་དང་། གཉིས་ཕན་མཉམ་ལས་བཅས་ཀྱི་རྣམ་པ་གསར་པ་ཟམ་མི་ཆད་པར་གཏོད་པ་དང་།  མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པ་དང་ཤེས་ལྡན་མི་སྣས་མཚོ་སྔོན་དུ་བྱ་བ་སྤེལ་བར་ཆ་རྐྱེན་བཟང་བོ་བསྐྲུན་པ་དང་ཞབས་ཞུ་བསྒྲུབ་པར་འགན་སྲུང་བཟང་བོ་བྱེད་དགོས་པ་བསྟན། 

མཚོ་སྔོན་དུ་རྟོག་ཞིབ་བྱེད་པའི་རིང་ལ། འཐུས་ཚབ་ཚོགས་པ་ལྷན་རྒྱས་རྨ་ལྷོ་ཁུལ་གཅན་ཚ་རྫོང་ཀླེ་གཞུག་སྡེ་བ་དང་།  རྨ་ལྷོ་ཁུལ་མི་དམངས་སྨན་ཁང་། ཐིན་ཅིན་གྱི་མཚོ་སྔོན་ལ་རོགས་སྐྱོར་བཀོད་འདོམས་པུའུ་ཡི“མཚོ་སྔོན་རོགས་སྐྱོར”བཅས་སུ་བསྐྱོད་དེ་རྟོག་ཞིབ་བྱས། ས་གནས་དེ་གའི་གྲོང་མིར་འཚམས་འདྲི་བྱས་པ་མ་ཟད་ཐིན་ཅིན་གྲོང་ཁྱེར་གྱི་མཚོ་སྔོན་རོགས་སྐྱོར་ལས་དོན་མི་སྣ་དང་མཚོ་སྔོན་ལ་རོགས་སྐྱོར་བྱེད་མཁན་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་འཐུས་མིར་གཟིགས་མོལ་འཚམས་འདྲི་ཡང་གནང་བ་རེད།

ཐིན་ཅིན་གྲོང་ཁྱེར་གྱི་འགོ་ཁྲིད་ལིན་མའོ་ཅུན། ཝང་ཞུས་ཅུན། ཝང་ལི་ཅུན། ཀྲང་ལིན་བཅས་དང་། མཚོ་སྔོན་ཞིང་ཆེན་གྱི་འགོ་ཁྲིད་ཀྲའོ་ཡུའེ་ཞ་དང་། ཝང་ལིན་ཧུའུ། ཀྲུའུ་ཞང་ཧྥེང་། དབྱང་ཀྲི་ཝུན་བཅས་འབྲེལ་ཡོད་བྱེད་སྒོར་ཞུགས།

རྩོམ་སྒྲིག་པ། ཁོན་ཐར་འཚོ།