མཚོ་སྔོན་གུང་གཞོན་ཚོགས་པས་སློབ་མཐར་ཕྱིན་ནས་ལས་ཞུགས་བྱས་མེད་པའི་ན་གཞོན་ལ་ཞབས་འདེགས་ཞུ་བའི་གཤོག་བརྐྱངས་འཆར་གཞིའི་ལོ་གསུམ་གྱི་འགུལ་སྐྱོད་སྤེལ་མགོ་བརྩམས།

ཡོང་ཁུངས། རྒྱང་སྒྲོག་བརྙན་འཕྲིན་ཁང་།

ཟླ4པའི་ཚེས30ཉིན། གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་སློབ་གསོ་ཐིན། ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན། ཞིང་ཆེན་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་ཐིན། ཞིང་ཆེན་དམག་ཁོངས་ནས་བུད་པའི་དམག་མིའི་ལས་དོན་ཐིན། ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་སྡེ་ཁག་མང་བོས་གཙོ་སྒྲུབ་བྱས་པའི་མཚོ་སྔོན་གུང་གཞོན་ཚོགས་པས་སློབ་མཐར་ཕྱིན་ནས་ལས་ཞུགས་བྱས་མེད་པའི་ན་གཞོན་ལ་ཞབས་འདེགས་ཞུ་བའི་གཤོག་བརྐྱངས་འཆར་གཞིའི་ལོ་གསུམ་གྱི་འགུལ་སྐྱོད་མགོ་རྩོམ་པའི་མཛད་སྒོ་དང་ལྔ་བཞིའི་ཆེད་དོན་གདན་ཞུའི་ཚོགས་འདུ་ཟི་ལིང་གྲོང་ཁྱེར་ཞིན་ཉིང་ཐང་ཆེན་ནས་བསྡུས། ད་ལོའི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་དང་སྔོན་ཆད་ཀྱི་མཐར་ཕྱིན་སློབ་མ་གཙོ་བྱས་པའི་མི་ཁྲི་ལྷག་གདན་ཞུའི་ཚོགས་འདུར་ཞུགས།

ཡུལ་དངོས་ནས་གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་འགན་ཁུར་པས་མཚོ་སྔོན་གུང་གཞོན་ཚོགས་པས་སློབ་མཐར་ཕྱིན་ནས་ལས་ཞུགས་བྱས་མེད་པའི་ན་གཞོན་ལ་ཞབས་འདེགས་ཞུ་བའི་གཤོག་བརྐྱངས་འཆར་གཞིའི་ལོ་གསུམ་གྱི་འགུལ་སྐྱོད་ཀྱི་ལག་བསྟར་ཇུས་གཞི་སྤེལ་ནས་སྒྲོག་འགྲེལ་བྱས།

གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་སློབ་གསོ་ཐིན། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན། ཞིང་ཆེན་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་ཐིན་སོགས་སྡེ་ཁག་གིས་མཉམ་དུ་གཤོག་བརྐྱངས་འཆར་གཞི་བཏོན་པ་ཡིན་ལ། གཙོ་བོ་སློབ་མཐར་ཕྱིན་ཡང་ལས་ཞུགས་བྱས་མེད་པའི་ན་གཞོན་ལ་དམིགས་པ་རེད། ལས་ཞུགས་སྣེ་ཁྲིད་འགུལ་སྐྱོད་དང་དངོས་སྦྱོང་འགུལ་སྐྱོད། རྩལ་ནུས་མཐོར་འདེགས་འགུལ་སྐྱོད། ལས་གནས་རྒྱ་བསྐྱེད་འགུལ་སྐྱོད། ལས་སྐྲུན་གྱིས་འགུལ་སྐྱོད་ལ་སྐུལ་འདེད་གཏོང་བ། ཁེ་དབང་འགན་སྲུང་འགུལ་སྐྱོད་སོགས་འགུལ་སྐྱོད་ཆེན་པོ་དྲུག་ལ་བརྟེན་ནས། ན་གཞོན་དག་སྔར་ལས་ལྷག་པའི་སྒོ་ནས་སྤྱི་ཚོགས་སུ་འདྲེས་པར་བྱེད་པ་དང་། རང་ཉིད་ལ་འཚམ་པའི་བྱ་བའི་ལས་གནས་རྙེད་དེ། མི་སྒེར་གྱི་རིན་ཐང་དང་ལས་རིགས་ཀྱི་ཕུགས་འདུན་མངོན་འགྱུར་བྱེད་པར་རོགས་རམ་བྱེད་རྒྱུ་རེད།

གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་འགན་ཁུར་པས་བསྟན་དོན། གཤོག་བརྐྱངས་འཆར་གཞི་དེའི་ཡུན་ཚད་ལོ་གསུམ་ཡིན་པ་དང་། སྡེ་ཁག་མང་བོས་སྐོར་ཐེངས་དང་རིམ་པ་བགོས་ནས་ལག་བསྟར་སྐུལ་འདེད་བཏང་སྟེ། མཚོ་སྔོན་གྱི་ན་གཞོན་དག་ལ་སྔར་ལས་ཁོད་ཡངས་པའི་ལས་ཞུགས་སྟེགས་བུ་ཞིག་བསྐྲུན་པ་དང་། ན་གཞོན་དག་ལ་སྔར་ལས་མང་བའི་འཇོན་ནུས་ངོམས་པའི་གོ་སྐབས་གསར་སྐྲུན་བྱེད་པ་བཅས་ཀྱི་ཐད་ངེས་པ་དོན་གྱིས་ཞབས་འདེགས་ཞུ་དགོས་པ་དང་། སྔར་ལས་མང་བའི་ན་གཞོན་དག་གིས་འཆར་གཞི་དེར་བརྟེན་ནས་མི་ཚེའི་རིན་ཐང་མངོན་འགྱུར་དང་ལང་ཚོའི་ཕུགས་འདུན་འཚོལ་བསྙེག་བྱས་ནས་མ་འོངས་པར་གྲུབ་འབྲས་ལོན་པར་བྱེད་དགོས་ཟེར།

རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།