པདྨ་རྫོང་སེ་ལེ་ཐང་གྲོང་རྡལ་བདེ་ནང་སྡེ་བས་མང་ཚོགས་ཚོགས་ཆེན་བསྡུས།

ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།

གོམ་གང་མདུན་སྤོས་ཀྱིས་བསམ་བློ་གཅིག་གྱུར་དང་གོ་རྟོགས་མཐོར་གཏོང་བྱས་ནས། བསམ་བློ་དང་བྱ་སྤྱོད་རྫོང་ཨུ་དང་རྫོང་སྲིད་གཞུང་། གྲོང་རྡལ་ཏང་ཨུ་དང་གྲོང་རྡལ་སྲིད་གཞུང་བྱ་བའི་བཀོད་སྒྲིག་དང་གཅིག་གྱུར་བྱས་ཏེ། གཙོ་གནད་ལས་དོན་ཁག་ལེགས་འགྲུབ་ཡོང་ཆེད། ཉེ་ལམ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པདྨ་རྫོང་བདེ་ནང་སྡེ་བས་མང་ཚོགས་ཚོགས་ཆེན་བསྡུས་ཤིང་། བདེ་ནང་སྡེ་བའི་སྡེ་སྡོད་ལས་དོན་རུ་ཁག་དང་སྡེ་སྡོད་མགོ་ཁྲིད་ལས་བྱེད་དང་། སྡེ་བའི་ཨུ་ཡོན་རྣམ་གཉིས་ཚན་ཁག་གི་ཁོངས་མི།མང་ཚོགས་ཀྱི་འཐུས་མི་བཅས་ཚོགས་འདུར་ཞུགས་པ་དང་། སྡེ་སྡོད་མགོ་ཁྲིད་བདེ་ལྡན་གྱིས་ཚོགས་འདུར་མགོ་འཛིན་བྱས། ཚོགས་འདུའི་ཐོག་སྐབས་བབ་རོགས་སྐྱོར་དང་དམངས་སྲིད་དམའ་སྐྱོང་། ནགས་སྲུང་བའི་དོ་དམ་ལམ་ལུགས། དབང་བོ་སྐྱོན་ཅན་གྱི་རོགས་གསབ་སྲིད་ཇུས། བདེ་འཇགས་འཛུགས་སྐྲུན། མི་རིགས་མཐུན་སྒྲིལ་གྱི་ཤེས་བྱ། རྩྭ་ཐང་དང་ནགས་ཚལ་གྱི་མེ་འགོག་ཤེས་བྱ། བདེ་འཇགས་ཐོན་སྐྱེད་ཀྱི་ཤེས་བྱ། དྲ་ལམ་གཡོ་རྫུན་དང་། འགྲིམ་འགྲུལ་བདེ་འཇགས། བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོབ་སོགས་ཀྱི་ནང་དོན་ལ་འགྲེལ་བཤད་གསལ་དག་གནང་བར་མ་ཟད། དབྱར་རྩྭ་དགུན་འབུ་བརྐོ་བའི་འབྲེལ་ཡོད་གཏན་འབེབས་དང་། རྩྭ་སའི་ཁ་གསབ་མ་དངུལ་གཤམ་སྤྲོད། ཕྱུགས་རིགས་ཉེན་སྲུང་ཉོ་སྒྲུབ། ཉེན་སྲུང་འཚབ་སྤྲོད། ཕྱུགས་རིགས་ཕྱིར་འཚོང་སོགས་གཙོ་གནད་ལས་དོན་ཐད་བཀོད་སྒྲིག་ཞིབ་ཚགས་བྱས།

   ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། གཅིག་ནི་གཞི་རིམ་ལས་བྱེད་དང་དམངས་ཁྲོད་ཕྱུགས་སྨན། དྲ་བདག་བཅས་ཀྱིས་འབྲེལ་ཡོད་སྡེ་ཁག་ལ་གཞོགས་འདེགས་སྒོས་ཕྱུགས་རིགས་ཕྱིར་འཚོང་དྲིལ་སྒྲོག་ནུས་ཤུགས་མཐོར་གཏོང་བྱས་ཏེ་དཔལ་འབྱོར་དང་སྐྱེ་ཁམས་རྩིས་ཐོ་གསལ་ཞིབ་དང་གསོ་སྤེལ་ཕན་ནུས་དབྱེ་ཞིབ། ཕྱིར་འཚོང་གྲངས་མང་ལ་འགྲོས་མགྱོགས་པོའི་སྒོས་འཚོང་འོས་པ་ཐམས་ཅད་བཙོངས་ཐུབ་པར་བྱ་དགོས། གཉིས་ནི་སྐྱེ་ཁམས་སྲུང་སྐྱོང་བའི་བྱ་བའི་སྒྲིག་སྲོལ་དམ་པོར་བཏང་ནས། སྒྲིག་སྲོལ་ལམ་ལུགས་ལ་བརྩི་སྲུང་བྱེད་པ་དང་། རྩྭ་ཐང་དང་ནགས་ཚལ་མེ་འགོག་བྱ་བའི་ལས་འགན་ལག་བསྟར་ནན་ཏན་བྱས་ཏེ། དུས་ཚོད་ཉེར་བཞིའི་ལས་རེས་ལས་སྲུང་དང་ཉིན་རེའི་རི་སྐོར། ལྷག་པར་དུ་མངའ་ཁོངས་ཀྱི་བསང་ཁྲི་སོགས་ཀྱི་ཉེ་འཁོར་དུ་རྒྱུན་རྣམ་ཅན་གྱི་རི་སྐོར་ལྟ་ཞིབ་བྱས་ནས་མེ་སྐྱོན་འབྱུང་བར་སྔོན་འགོག་ནུས་ལྡན་བྱ་དགོས། གསུམ་ནི་ཁྲིམས་སྐྱོང་འདུ་ཤེས་དང་ཁྲིམས་སྲུང་འདུ་ཤེས་མཐོར་འདེགས་སུ་བཏང་ནས། ཁྲིམས་འགལ་ངང་གཏེར་ཁའི་ཐོན་ཁུངས་བརྐོ་སློག་དང་སྐྱེལ་འདྲེན། ཕྱིར་འཚོང་བྱས་པའི་གནོད་འཚེའི་རང་བཞིན་ལ་ཤེས་རྟོགས་ཁུང་དུ་ཆུད་པར་བྱས་ནས། ས་རྐོས་རྡོ་སློག་གི་བྱ་སྤྱོད་ལ་རྡུང་རྡེག་བྱེད་པའི་བྱ་བ་གཙུགས་ཆེན་དུ་འཛིན་དགོས།

ཐེངས་འདིའི་ཚོགས་འདུའི་ཐོག་དྲིལ་བསྒྲགས་བྱས་པ་བརྒྱུད། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་དམངས་ཕན་འབྲེལ་ཡོད་སྲིད་ཇུས་དང་གཏན་འབེབས། གོ་རིམ། ནང་དོན་དང་དགོས་མཁོ་བཅས་ལ་རྒྱུས་ལོན་གཏིང་ཟབ་བྱས་ནས་མང་ཚོགས་ཀྱི་ཏང་དང་རྒྱལ་ཁབ་ཀྱི་བྱེད་ཕྱོགས་དང་སྲིད་ཇུས། ཐབས་ལམ་བཅས་ཀྱི་ཤེས་རྟོགས་ཚད་ཇེ་ཟབ་ཏུ་བཏང་ཡོད། །

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།