【ཞིང་ཆེན་རིག་གནས་ཡུལ་སྐོར་ཐིང་།】རྟ་ཐང་རྫོང་ཧྲོ་པེ་བོད་རིགས་ཞང་སྤེན་མ་ལུང་གྲོང་ཚོ་རིག་གནས་དང་ཡུལ་སྐོར་ལས་རིགས་ཀྱི་གྲོང་གསེབ་དར་སྤེལ་གཏོང་བའི་དཔེ་མཚོན་རྩེ་གྲས་ཁྲོད་ཚུད་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ4པའི་ཚེས7ཉིན། ཟི་ལིང་གྲོང་ཁྱེར་རྟ་ཐང་ཧུའེ་རིགས་ཐུའུ་རིགས་རང་སྐྱོང་རྫོང་ཧྲོ་པེ་བོད་རིགས་ཞང་སྤེན་མ་ལུང་གྲོང་ཚོར་ཁངས་ལྷབ་ལྷུབ་ཏུ་འབབ་པ་དེ་ནི་བྱིས་སྒྲུང་གི་འཇིག་རྟེན་དང་མཚུངས། ལྷིང་འཇགས་ཀྱི་གྲོག་རོང་ནང་དུ། གཏམ་བཟང་སྔ་མོ་ནས་གྲོང་སྡེ་ཡོངས་ལ་ཁྱབ་ཡོད།

ཟླ4པའི་ཚེས1ཉིན། རིག་གནས་དང་ཡུལ་སྐོར་པུའུ་གཞུང་དོན་ཐིང་གིས་རིག་གནས་དང་ཡུལ་སྐོར་ལས་རིགས་ཀྱི་གྲོང་གསེབ་དར་སྤེལ་གཏོང་བའི་དཔེ་མཚོན་རྩེ་གྲ་བཅུ་དང་ཕུལ་བྱུང་གི་དཔེ་མཚོན་མིང་ཐོ་ཁྱབ་སྒྲོག་བྱས་ཤིང་། མཚོ་སྔོན་ཞིང་ཆེན“ཟི་ལིང་གྲོང་ཁྱེར་རྟ་ཐང་རྫོང་སྤེན་མ་ལུང་གྲོང་ཚོ། གྲོང་གསེབ་ཀྱི་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་བདེ་སྐྱིད་གྲོང་ཚོ་བསྐྲུན”ཞེས་པའི་ཕུལ་བྱུང་གི་དཔེ་མཚོན་ནང་བཅུག་པ་རེད། དེ་ནི་རང་ཞིང་དུ་འདེམས་ཐོན་བྱུང་བའི་དཔེ་མཚོན་གཅིག་པུ་རེད།

2015ལོ་ནས་བཟུང་། སྤེན་མ་གྲོང་ཚོས“དྭངས་ཤིང་གཙང་བའི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི”འཕེལ་རྒྱས་ཀྱི་འདུ་ཤེས་ལ་གཞིགས་ནས། “སྤེན་མ་ལུང་གི་མེ་ཏོག་མཚེའུའི་མཛེས་ལྗོངས་ཁུལ”གྱི་རྣམ་གྲངས་ལག་ལེན་བསྟར་ཏེ་ནུས་ཤུགས་ཡོད་རྒུས་གྲོང་གསེབ་ཀྱི་ཡུལ་སྐོར་ལས་དོན་སྤེལ་བ་དང་། ནགས་ཚལ་སྣོད་བཅུད་བཟང་བའི་གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་གཏོང་བ། གྲོང་མིས་ཞིང་པའི་སྤྲོ་སྐྱིད་ཁང་དང་། གྲོང་གསེབ་ཀྱི་མགྲོན་ཁང་། གསོ་ཚགས་ལས་རིགས་བཅས་འཕེལ་རྒྱས་གཏོང་བར་ཁྲིད་སྟོན་དང་སྐུལ་ལྕག་བྱས་ནས། ཕྱོགས་གཅིག་ལ་ཟས་གོས་འགྲོ་སྡོད་བཞི་དང་། ཡུལ་སྐོར། ཉོ་སྒྲུབ། རོལ་རྩེད་བཅས་གཞི་གཅིག་ཅན་གྱི་གྲོང་གསེབ་ཡུལ་སྐོར་ཕྱོགས་བསྡུས་ཁུལ་ཆེ་གྲས་ཤིག་བཏོད་དེ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་བརྟེན་ནས་ཞིང་པར་འབབ་འཕར་ཡོང་བར་རོགས་རམ་བྱེད་པའི་ལམ་བུ་གསར་པ་ཞིག་བཏོད་ནས། འདྲ་བཟོ་ཆོག་པ་དང་ཁྱབ་གདལ་གཏོང་ཆོག་པའི“སྤེན་མ་ལུང་གི”འཕེལ་རྒྱས་གཏོང་སྟངས་ཤིག་འཚོལ་ཞིབ་བྱས་ཡོད་པ་རེད། 2016ལོ་ནས་བཟུང་། སྤེན་མ་གྲོང་ཚོས་སྡེ་ཁག་མང་པོའི་རོགས་སྐྱོར་མ་དངུལ་བརྩོན་ལེན་བྱས་ནས། གྲོང་ཚོའི་ནང་གི་འགྲོ་ལམ་དང་། ཆར་ཆུའི་བཙོག་ཆུ་མདོང་དྲ་དང་ཆུ་འདྲེན་མདོང་དྲ། ཁོར་ཡུག་འཕྲོད་བསྟེན་ཕྱོགས་བསྡུས་བཅོས་སྒྲིག ཞིང་པའི་སྤྲོ་སྐྱིད་ཁང་སྒྱུར་བཀོད། རི་ཉིལ་སྔོ་འགྱུར་སོགས་ཀྱི་རྣམ་གྲངས་ལག་ལེན་བསྟར་བ་རེད།

སྤེན་མ་ལུང་གྲོང་ཚོར་སྔ་རྗེས་སུ“ཀྲུང་གོའི་མཛེས་སྡུག་ལྡན་པའི་སྤྲོ་གསེང་གྲོང་ཚོ”དང་། “རྒྱལ་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་གཙོ་གནད་གྲོང་ཚོ”“རྒྱལ་ཡོངས་སྐྱེ་ཁམས་རིག་གནས་གྲོང་ཚོ” “རྒྱལ་ཁབ་ཀྱིAAAAཡུལ་སྐོར་མཛེས་ལྗོངས་ཁུལ”སོགས་ཀྱི་མཚན་སྙན་ཐོབ་ཡོད། ད་སྐབས་ཀྱི་སྤེན་མ་ལུང་གྲོང་ཚོར་ཞིང་པའི་སྤྲོ་སྐྱིད་ཁང55དང་། ཁྱིམ་ཚང་མགྲོན་ཁང15ཡོད་པ་དང་། མེ་ཏོག་མཛེས་ལྗོངས་ཁུལ་དུ་ལས་ཀ་བྱེད་མཁན160ལྷག་ཡོད་པ་རེད། སྤེན་མ་ལུང་གི་མེ་ཏོག་མཛེས་ལྗོངས་ཁུལ་ནི2016ལོར་བསྐྲུན་ཞིང་།  ད་བར་དུ་བསྡོམས་པའི་ཞིང་ཆེན་ཕྱི་ནང་གི་ཡུལ་སྐོར་བ་ཁྲི200ལྷག་སྣེ་ལེན་ཞུས་པ་དང་། མཛེས་ལྗོངས་ཁུལ་གྱི་སྒོ་འཛིན་དང་། ཞིང་པའི་སྤྲོ་སྐྱིད་ཁང་གི་བཟའ་བཏུང་། གྲོང་གསེབ་ཀྱི་ཁྱད་ལྡན་ཟས་རིགས། ཞིང་ཞོར་ཐོན་རྫས་བྲིན་ཚོང་ཡོང་འབབ་སོགས་ཕྱོགས་བསྡུས་ཡོང་འབབ་སྒོར་ཁྲི5000ལྷག་མངོན་འགྱུར་བྱུང་ཡོད།

སྤེན་མ་ལུང་གི་མེ་ཏོག་མཛེས་ལྗོངས་ཁུལ་གྱི་སྤྱི་གཉེར་བ་ལི་ཀྲེན་ཧའེ་ཡིས་བཤད་རྒྱུར། མཛེས་ལྗོངས་ཁུལ་གྱིས་སྐྱེ་ཁམས་ཀྱི་ལེགས་ཆ་གང་ལེགས་སྤྱད་དེ། དེང་རབས་ཀྱི་གློག་འོད་ཅན་གྱི་ལག་རྩལ་སྤྱད་དེ་རྒྱུ་ཆ་གསར་པ་དང་། བྱེད་ཐབས་གསར་པ། སྒྱུ་རྩལ་གསར་པ་བཅས་མཛེས་ལྗོངས་ཁུལ་ནང་གང་ལེགས་བཅུག་པ་དང་། གློག་སྒྲོན་དང་གློག་འོད་སོགས་ཀྱི་བྱེད་སྒོ་བཏོད་དེ་གྲོང་གསེབ་ཀྱི་ཡུལ་སྐོར་ཐོན་ལས་འབྲེལ་ཐག་ཆགས་པ་བྱས་ཤིང་། ཡུལ་སྐོར་བའི་སྐྱེ་ཁམས་སྤྲོ་གསེང་ཡུལ་སྐོར་གྱི་དགོས་མཁོ་བསྐངས་ཏེ་མཉམ་སྡེབ་དཔལ་འབྱོར་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་སྟོབས་ཆེར་བཏང་བས་ཞིང་དུད་ཀྱི་ཡོང་འབབ་སྔར་ལས་ཇེ་མང་དུ་ཕྱིན་ཡོད་ཟེར། མིག་སྔའི་བར། སྤེན་མ་ལུང་གྲོང་ཚོའི་ཐུན་མོང་ཡོང་འབབ་བསྡོམས་པའི་སྒོར་ཁྲི450ཟིན་པ་དང་། གྲོང་མིས་གྲོང་གསེབ་ཀྱི་ཡུལ་སྐོར་ནང་ཧུར་ཐག་ཞུགས་ནས་ཁྱིམ་ཚང་ཚང་མས་ཡུལ་སྐོར་ལ་བརྟེན་ནས་འཚོ་བ་སྐྱེལ་གྱི་ཡོད། མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་དེ2015ལོའི་སྒོར2000ནས་ད་སྐབས་སྒོར16000བར་ཇེ་མང་དུ་ཕྱིན་ནས། དབུལ་ཕོང་གྲོང་ཚོ་ནས་བདེ་སྐྱིད་ལྡན་པའི་གྲོང་ཚོར་འགྱུར་ལྡོག་ཕྱིན་ཡོད་པ་རེད།

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།