པདྨ་རྫོང་གྲུབ་ཆེན་བཅའ་སྡོད་སློབ་ཆུང་གིས“དཔེ་དེབ་ཀྱི་རྫིང་བུར་རབ་ཞུགས་ནས།། ལྟ་ཀློག་གི་དགའ་མགུར་མཉམ་དུ་རོལ།།”ཞེས་པའི་དཔེ་ཀློག་བྱ་འགུལ་སྤེལ།

ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།

སློབ་ཆུང་གི་སློབ་བུ་ཚོའི་དཔེ་ཀློག་གི་མོས་པ་སྐྱེད་སྲིང་དང་སློབ་མ་ཚོ་དཔེ་ཀློག་ལ་དགའ་བའི་འདུན་མ་སློང་བ། དཔེ་ཀློག་ལས་ཐོབ་པའི་མྱོང་སྣང་ངོམ་སའི་སྟེགས་བུ་ཞིག་བསྐྲུན་ཆེད། མགོ་ལོག་ཁུལ་པདྨ་རྫོང་གྲུབ་ཆེན་ཞང་བཅའ་སྡོད་སློབ་ཆུང་གི་སློབ་སྟོན་ཁང་དང་འབྲེལ་ཡོད་སྡེ་ཁག་གིས་རོགས་སྒྲུབ་མཛད་པའི་གྲུབ་ཆེན་ཞང་བཅའ་སྡོད་སློབ་ཆུང་གི་སློབ་གྲྭའི་དཔེ་ཀློག་མྱོང་ཚོར་བྱ་འགུལ་ཟླ11པའི་ཚེས27ཉིན་གྱི་ཕྱི་དྲོར་སྤེལ།

དགུན་ཟླ་བཅུ་གཅིག་པའི་སློབ་རའི་ནང་དུ་གྲང་རླུང་ཆེ་ན་ཡང་སློབ་གྲྭའི་རྩལ་སྦྱོང་ར་བའི་ནང་དུ་དཔེ་ཀློག་བྱ་འགུལ་སྤེལ་ནས་དགེ་སློབ་ཡོངས་ཀྱི་གདོང་ལ་དགའ་བའི་འཛུམ་གྱིས་ཁེངས། དཔེ་ཆ་ནི་བློ་སྒོ་འབྱེད་པའི་ལྡེ་མིག་ཡིན་ལ། དཔེ་ཆ་འདོར་བ་ནི་ཤེས་ཡོན་འདོར་བ་རང་ཡིན་པས། སློབ་ཆུང་གི་སློབ་མ་ཞིག་ཡིན་ན་བསླབ་གཞིའི་དཔེ་ཆ་གཅིག་པུས་ཤེས་བྱའི་མཐོང་ཐོས་རྒྱ་བསྐྱེད་མི་ཐུབ་པར། བསླབ་ཕྱིའི་དཔེ་ཆ་སྣ་ཚོགས་པ་ལྟ་ཀློག་བྱ་རྒྱུ་ཧ་ཅང་གལ་ཆེ། རྒྱུན་པར་བསླབ་ཕྱིའི་དཔེ་ཆ་ཀློག་པའི་གོམས་གཤིས་བཟང་པོ་ཡོད་ཚེ་རིག་པའི་ཁོ་ལག་རྒྱས་པ་དང་བསམ་བློའི་འདུ་ཤེས་བསྐྱེད་པར་ཕན་ཐོགས་ཆེན་པོ་ཡོད། དེར་དམིགས་ཏེ་དགེ་སློབ་སུམ་བརྒྱ་ལྷག་གི་ཁྲོད་ནས་འཛིན་གྲྭ་རེ་རེའི་སློབ་མ་གསུམ་རེ་འགྲན་སྡུར་ལ་ཞུགས།

སློབ་སྟོན་ཁང་གི་ཀྲུའུ་རེན་དགེ་རྒན་ཀྲང་ཅིན་ཅིན་གྱིས་དཔྱད་འདེམ་པ་དང་སྐར་གྲངས་འགོད་སྟངས་བཅས་གསལ་ཐག་ཆོད་པ་ཞིག་བཤད་པའི་འཕྲོར། སློབ་གཙོ་འཛུམ་སྐྱིད་ཀྱིས་སྔོན་བྱོན་མཁས་པའི་མཛད་རྗེས་ལ་སྦྱར་ནས་དཔེ་ཀློག་གི་དགེ་མཚན་ངོ་སྤྲོད་དང་། ཁུངས་བཙུན་པའི་རྒྱུ་མཚན་ལ་བརྟེན་ནས་སློབ་མ་ཚོས་དཔེ་ཆ་ཀློག་པའི་ཕན་ཡོན་དང་དཔེ་ཀློག་གི་གལ་ཆེན་རང་བཞིན་བཤད་པ་རེད། དེའི་རྗེས་སུ། འགྲན་ཞུགས་པ་རེ་རེས་སྨྲ་བརྗོད་དག་ཅིང་སྤོབས་པ་ལྡན་ལ། རྒྱུ་མཚན་སྣ་ཚོགས་དྲངས་ཏེ་རང་གིས་ཉེ་སྔོན་སློབ་གསེང་དུ་ཀློག་པའི་དཔེ་ཆ་ངོ་སྤྲོད། རྩོམ་པ་པོ་དང་ནང་དོན་མདོར་བསྡུས། དཔེ་ཆ་བཀླགས་རྗེས་ཀྱི་མྱོང་ཚོར། དཔེ་ཆ་བཀླགས་རྗེས་ཀྱི་བློ་སྐྱེད། རིན་ཐང་ལྟ་བ་སོགས་ཚིག་ཉུང་དོན་འདུས་དང་གསལ་ཁ་དོད་པའི་ངང་སྒྲོག་འདོན་བྱས་པ་རེད།

ཐེངས་འདིའི་བྱ་འགུལ་སྤྱིའི་ཆ་ནས་གོ་རིམ་ལྡན་ལ། དཔེ་ཀློག་གི་ནང་དོན་ཡང་མི་ཆོས་སློབ་གསོ་དང་། སློབ་མའི་སྲུང་བྱ། ཡ་རབས་གུས་སྲོལ། དེང་རབས་ཀྱི་དུས་རབས་གསར་པའི་སློབ་མའི་བསམ་བློ་སོགས་འགྲན་ཞུགས་པ་རེ་རེའི་སྨྲ་ལྕེའི་བྱང་ཚད་ཅི་དགར་ངོམ་ཐུབ་པ་བྱུང་། མཇུག་མཐར་དགེ་རྒན་འཐུས་ཚབ་པས་དཔེ་ཀློག་མྱོང་ཚོར་བགྲོ་གླེང་ཐད་མཉམ་འཇོག་དགོས་པའི་གནད་དོན་དང་། དཔེ་ཀློག་མྱོང་ཚོར་བགྲོ་གླེང་བྱ་འགུལ་སྤྱི་སྡོམ། རྗེས་ཕྱོགས་དཔེ་ཆ་མང་པོ་ཀློག་དགོས་པའི་འབོད་སྐུལ་གནང་བ་དང་། མདོ་འཛིན་པས་སོ་སོའི་སྐར་གྲངས་ཁྱབ་བསྒྲགས་བྱས་ཤིང་ཨང་རིམ་ལྟར་བྱ་དགའི་ལེགས་སྐྱེས་གནང་སྟེ་བྱ་འགུལ་བདེ་བླག་ངང་མཇུག་གྲིལ། །

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།