མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ11ཚེས25ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིང་ནས་ཤེས་གསལ་ལྟར་ན། ཏང་ཀྲུང་དབྱང་དང་མཚོ་སྔོན་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་བཅས་ཀྱིས་དམངས་གཉེར་དཔལ་འབྱོར་གོང་སྤེལ་གྱི་ལས་ཀ་གཙོ་བོ་བཀོད་སྒྲིག་བྱས་པ་ལག་ལེན་དོན་འཁྱོལ་དང་། “གནས་བཞི”འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ། ནོར་སྲིད་ཀྱི་འགན་ནུས་འདོན་སྤེལ་གང་ལེགས་དང་། “ནོར་ཤུགས་ཕྱོགས་བསྡུས་ཀྱིས་དོན་ཆེན་བསྒྲུབ་པའི”དགེ་མཚན་གཟེངས་སུ་བཅས་འདོན་ཆེད། ཞིང་ཆེན་ནོར་སྲིད་ཐིང་གིས་འགྲན་རྩོད་རང་བཞིན་གྱི་ལམ་ནས་མཚོ་ཤར་གྲོང་ཁྱེར་དང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་བཅས་ས་ཁུལ་གསུམ2023ལོའི་ས་གནས་ཀྱི་ཁྱད་ལྡན་ཐོན་ལས་གོང་སྤེལ་ཚོད་ལྟའི་དཔེ་སྟོན་ཁུལ་དུ་བདམས།
ཐེངས་དེའི་འགྲན་རྩོད་རང་བཞིན་གྱི་དཔྱད་ཞིབ་དང་བགོ་བཤའ་བྱེད་སྟངས་ནི་ཞིང་ཆེན་ནོར་སྲིད་ཐིང་གིས་གསར་གཏོད་བྱས་པའི་ནོར་སྲིད་བགོ་བཤའ་ཡི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། སྲིད་གཞུང་གིས་ཁྱད་ལྡན་ཁེ་ལས་ཆུང་འབྲིང་གོང་སྤེལ་ལ་རོགས་སྐྱོར་བྱེད་པའི་ལམ་ལུགས་གསར་པར་འཚོལ་ཞིབ་དང་གསར་འཛུགས་ཀྱི་ཚོད་ལྟ་གལ་ཆེན་ཞིག་ཀྱང་རེད། ཞིང་ཆེན་ནོར་སྲིད་ཐིང་གིས་ས་གནས་ཁག་གི་འཇལ་གཅོད་རང་དབང་འོས་འཚམ་ཆེ་རུ་བཏང་ཏེ། ས་གནས་ཁག་གིས་མ་དངུལ་བསྡུ་ལམ་གཅིག་གྱུར་བྱས་ནས་རྒྱལ་ཁབ་དང་མཚོ་སྔོན་གྱི་ཐོན་ལས་གོང་སྤེལ་གྱི་སྲིད་ཇུས་དང་མཐུན་པའི་ཁྱད་ལྡན་འཁེལ་འཐག་(བོད་ལུགས་ས་གདན་དང་མི་རིགས་གྱོན་ཆས་སོགས)དང་། སྐྱེ་དངོས་ཐོན་རྫས་ལས་བཟོ(བཏུང་ཆུ་དང་། བདེ་སྲུང་ཆང་ལས་སོགས)། ཀྲུང་བོད་སྨན་རྫས། མཐོ་སྒང་གི་སྐམས་ཤ བོད་ཀྱི་ལུག་ཤ འོ་བཟོས་ཐོན་རྫས། འཕང་འབྲས་སོགས་ཁྱད་ལྡན་སྐྱེ་ཁམས་ཐོན་ལས་ཐོན་རྫས་དང་། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཐོན་སྐྱེད་འཚོ་བའི་ཉེར་མཁོ་ཡོ་ཆས་བཟོ་སྐྲུན་བྱེད་མཁན་ཁེ་ལས་ཆུང་འབྲིང་གི་རིམ་སྤར་བཅོས་སྒྱུར། ཚོང་རྟགས་འཛུགས་བཟོ་དང་ཚོང་གཉེར་ཁྱབ་སྤེལ་ལ་སོགས་ལ་དམིགས་སུ་རྒྱབ་སྐྱོར་བྱས་ཏེ། ས་གནས་ཀྱི་ཁྱད་ཆོས་ལྡན་ཞིང་ཐོན་ཁུངས་ཀྱི་དགེ་མཚན་རྒྱུ་སྤུས་མཐོར་འདེགས་དང་ལྟེ་བའི་འགྲན་ཤུགས་སུ་བསྒྱུར་ནས་ལས་ཞུགས་སུ་སྐུལ་འདེད་དང་། དམངས་ཚིས་ལ་གཟིགས་སྐྱོང་། སྒྲིག་གཞི་སྙོམས་སྒྲིག འཕེལ་རྒྱས་གཏན་འཇགས་ལ་སོགས་ཕྱོགས་ནས་ས་གནས་ཀྱི་ཁྱད་ལྡན་ཐོན་ལས་ཀྱིས་ནུས་པ་གལ་ཆེན་འདོན་པར་སྐུལ་འདེད། དཔེ་སྟོན་ཚོད་ལྟའི་ཁུལ་གྱི་ཁྱད་ལྡན་ཐོན་ལས་ལ་ནོར་སྲིད་མ་དངུལ་ཕྱོགས་ཡོངས་དང་། མངའ་ཁོངས་དུ་མ། ཕན་ཕྱོད་ཆེན་པོས་སྒོ་ནས་སྐུལ་འདེད་བཅས་ལ་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན།
གཞན་ཐེངས་འདིའི་ས་གནས་ཀྱི་ཁྱད་ལྡན་ཐོན་ལས་གོང་སྤེལ་དཔེ་སྟོན་ཚོད་ལྟ་བྱེད་པའི་ལས་གཞི་ལག་བསྟར་གྱི་དུས་ཡུན་ནི་ལོ་གསུམ་ཡིན་ལ། མ་དངུལ་ཁྱོན་བསྡོམས་དུང་ཕྱུར3.3བཏང་ཡོད་དེ། ས་གནས་སོ་སོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས། མི་འབོར་ཁྱབ་ཚུལ། ཐོན་ལས་ཀྱི་ཁྱད་ཆོས་སོགས་གནས་ཚུལ་ལ་སྦྱར་ནས་ཞིང་ཆེན་ཡོངས་ཀྱི་ས་ཁུལ་བརྒྱད་རིགས་དང་པོ་དང་། གཉིས་པ། གསུམ་པ་ལྟར་དབྱེ་རྒྱུ་དང་། ས་གནས་སོ་སོས་ཁྱད་ལྡན་ཐོན་ལས་གོང་སྤེལ་གྱི་འཆར་འགོད་གཙུགས་སུ་བཟུང་ནས་མཐའ་མར་ འབྲེལ་ཡོད་ཁྱབ་ཁོངས་ཀྱི་ཆེད་མཁས་པས་དྲི་འདོན་དང་སྐར་མ་རྒྱག་པའི་ཐབས་ལམ་བརྒྱུད། ས་གནས་སོ་སོའི་ཁྲོད་སྐར་མ་མཐོ་ཤོས་ཀྱི་ས་ཁུལ་གཅིག་ཚོད་ལྟ་ས་ཁུལ་བདམས་པ་རེད་ལ། མ་དངུལ་དེ་ལོ་གསུམ་ཕྱེ་ནས་ལག་བསྟར་བྱ་རྒྱུ་སྟེ། ལོ་དེར་ལག་བསྟར་བྱ་བའི་པའི་གནས་ཚུལ་དེ་ལོ་ཕྱི་མར་ཁ་གསབ་བྱ་པའི་མ་དངུལ་རྩིས་དཔག་དང་བགོ་བཤའ་གཞི་བཟུང་ནས་ལག་བསྟར་བྱ་དགོས་པ་རེད།