ལོ་ལྔའི་ནང་ཞིང་ཆེན་རིམ་པའི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར26དོན་འཁྱོལ་བྱས་ནས་ཞིང་འབྲོག་ཁྱིམ་ཚང་ཁྲི18ཀྱི་སྡོད་ཁང་ཆ་རྐྱེན་ཇེ་ལེགས་སུ་བཏང་།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། ཁོན་ཐར་འཚོ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཁ་སང་གསར་འགོད་པས་ཞིང་ཆེན་སྡོད་ཁང་འཛུགས་སྐྲུན་ཐིང་ནས་ཤེས་གསལ་ལྟར་ན། རང་ཞིང་གི་སྡོད་ཁང་ཆ་རྐྱེན་ལེགས་སྒྱུར་ལས་གཞི་ནི་2019ལོ་ནས་ལག་བསྟར་བྱས་ཚུན་ལ།  ལོ་རེར་ཞིང་ཆེན་སྲིད་གཞུང་གི་དམངས་ཚིས་དོན་དངོས་ལས་གཞི་ཁྲོད་བདམས་ཡོད།  ད་ལོའི་བར་ཞིང་ཆེན་ཡོངས་སུ་ཞིང་ཆེན་རིམ་པའི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར26དོན་འཁྱོལ་བྱས་ཡོད་ཅིང་། སྔ་གཞུག་ཏུ་ཁྱིམ་ཚང་ཁྲི18ལ་ཁ་གསབ་བྱས་ཡོད།

མཚོ་སྔོན་ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིང་ཞིང་གྲོང་ཁྲུའུ་ཡི་ཁྲུའུ་ཀྲང་ཝང་ཀྲང་ཅུན་གྱིས་འདི་སྐད།  སྡོད་ཁང་གི་ཆ་རྐྱེན་ལེགས་སྒྱུར་བྱ་བ་ནི་ཞིང་འབྲོག་མང་ཚོགས་ཀྱིས་རང་མོས་རང་འཐད་དང་། རང་བདག་དངུལ་བསྡུ་གཙོ་བྱས་ཏེ།  སྲིད་གཞུང་གིས་ཁྲིད་སྟོན་དང་ཁ་གསབ་འོས་འཚམ་རེ་བརྒྱབ་ནས་སྔར་ཡོད་ཀྱི་སྡོད་ཁང་གི་ཕྱི་སྐོར་དང་ནུས་གྲོན་དྲོད་སྲུང་།  གསང་སྤྱོད་བཅོས་སྒྱུར་སོགས་འཚོ་བའི་སྤུས་ཚད་ཇེ་མཐོར་གཏང་བ་དམིགས་སུ་བཟུང་ནས་འབག་བཙོག་འབུད་སྐྱུར་དང་གྲོང་སྡེའི་ཁོར་ཡུག་བཅོས་སྐྱོང་ལ་གཅིག་གྱུར་སྐུལ་འདེད། གྲོང་ཚོ་ཧྲིལ་བའི་འཚོ་སྡོད་ཁོར་ཡུག་ལེགས་སྒྱུར་གྱི་ལས་གཞི་ཞིག་ཡིན་ཟེར།ལས་གཞི་དེ2025ལོའི་བར་རྒྱུན་བསྐྱང་སྟེ།  ཞིང་འབྲོག་པའི་སྡོད་ཁང་གི་ཆ་རྐྱེན་རྩ་བའི་ཆ་ནས་ལེགས་སྒྱུར་བྱ་རྒྱུ་དང་། ཧ་ལམ་གྲོང་ཚོ་ཆིག་སྟོང་གི་ཁོར་ཡུག་ལ་འགྱུར་ལྡོག་གཏང་རྒྱུ་རེད། 

རྩོམ་སྒྲིག་པ། ཁོན་ཐར་འཚོ།